བོད་མི་ལྷ་སར་འགྲོ་རྒྱུར་དམ་བསྒྲགས།


2013.05.09
གནས་སྐབས་རིང་ལྷ་ས་གྲོང་ཁྱེར་དུ་ཡོང་བའི་མི་སྣའི་ཐོ་འགོད་ལག་ཁྱེར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲིས།

༄༅།    །ཞིང་ཆེན་དང་ལྗོངས་ལྔའི་བོད་མི་ཚོ་ལྷ་སར་ཡོང་རྒྱུར་དམ་བསྒྲགས་ཇེ་ཆེར་བཏང་བ་དང་། ཉེ་འཁོར་རྫོང་ཁག་གི་ཞིབ་བཤེར་ས་ཚུགས་ནས་ཐོ་འགོད་མ་བྱས་པར་ལྷ་ས་གྲོང་ཁྱེར་ལ་འཛུལ་མི་ཆོག་པ་གཏན་འབེབས་བྱས་འདུག    དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་ནས་རྒྱ་ནག་གཞུང་གིས་ཀན་སུའུ་དང་། མཚོ་སྔོན། ཟི་ཁྲོན། ཡུན་ནན་བཅས་ཞིག་ཆེན་བཞི་དང་། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་ཁུལ་གཞན་པའི་བོད་མི་ཚོ་བཅས་བོད་ཁུལ་ལྔའི་བོད་མི་ཚོ་ལྷ་སར་ལས་དོན་འདྲ་མིན་ཆེད་ཡོང་མཁན་ཚོར་སྒྲིག་གཞི་གསར་བ་བཟོས་ནས་དམ་བསྒྲགས་ཇེ་ཆེར་བཏང་ཡོད་འདུག གནས་སྟངས་དེ་འོག་ད་ལྟ་བོད་ཁུལ་ལྔའི་བོད་མི་ཚོ་ལྷ་སར་ཡོང་བར་ལྷ་སའི་ཉེ་ཁུལ་རྫོང་ཁག་གི་ཞིབ་བཤེར་ས་ཚུགས་ནས་ཐོ་འགོད་ལག་ཁྱེར་བླངས་ནས་མ་གཏོགས།    ཐད་ཀར་ལྷ་ས་གྲོང་ཁྱེར་ལ་འཛུགས་ཞུགས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་དང་། དེ་ནི་བོད་ཁུལ་ལྔའི་ཚོང་པ་དང་། སྤུན་མཆེད་ཐུག་འཕྲད། སྨན་བཅོས་བརྟག་དཔྱད་། གནས་སྐོར་ཆོས་མཇལ་བ་སོགས་ལས་དོན་འདྲ་མིན་ཆེད་ཡོང་མཁན་བོད་མི་ཡོངས་ལ་ཁྱབ་པ་ལག་ཁྱེར་དེའི་རྒྱབ་ལ་གསལ་བོ་འཁོད་འདུག
ད་དུང་གནས་ཚུལ་ལྟར་ན་། གནས་སྐབས་རིང་ལྷ་ས་གྲོང་ཁྱེར་དུ་ཡོང་མཁན་མི་སྣའི་ཐོ་འགོད་ལག་ཁྱེར་དེའི་གོ་ ཆོད་དུས་ཡུན་ཟླ་གཅིག་ལས་སྤྲོད་ཀྱི་མེད་པ་དང་། ཟླ་གཅིག་བརྒལ་མཚམས་ཁྲིམས་ལྟར་གནས་གཡར་ལག་ཁྱེར་ཞེས་བ་ཞིག་བཟོ་དགོས་པ་དང་། དེ་ལྟར་མ་བྱུང་ཚེ་ཐད་ཀར་འཛིན་བཟུང་དང་། ཕྱིར་ཕུད་བྱེད་ཀྱི་ཡོད་འདུག གཞན་གནས་གཡར་ལག་ཁྱེར་བཟོས་ནས་ལྷ་སར་དུས་ཡུན་གང་འཚམས་སྡོད་དགོས་ཚེ། ལྷ་སར་གཏན་འཇགས་སུ་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཡོད་མཁན་ཞིག་གིས་བདེ་འཇགས་འགན་ལེན་བྱེད་དགོས་པ་སོགས་སྒྲིག་ཁྲིམས་གསར་བ་ལག་བསྟར་བྱེད་བཞིན་པ་དང་། དེས་བོད་ཁུལ་ལྔའི་བོད་མི་ཚོར་དཀའ་ངལ་འཕར་མ་སྤྲོད་བཞིན་པ་ལྟར། མི་འདོད་པའི་བསམ་ཚུལ་འདྲ་མིན་ཡོང་བཞིན་པ་དང་། ལྷག་པར་དུ་བོད་མི་གཅིག་པུར་དེ་ལྟར་འགྲོ་ལུགས་བསྒྲུབ་དགོས་པ་ལས་རྒྱ་མི་ཚོ་ཐད་ཀར་ཡོང་ཆོག་པ་ནི།    མངོན་གསལ་གྱིས་མི་རིགས་དབྱེ་འབྱེད་བྱས་པ་ཞིག་ཡིན་དུས་ཁོང་ཁྲོའི་སེམས་ཚོར་བོད་མི་མང་པོར་ཡོང་གི་འདུག་ཅེས་བོད་གནས་གནས་ཚུལ་ངོ་སྤྲོད་པས་ གསུངས་སོང་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎