དགེ་རྒན་རིན་ཆེན་སྐྱིད་སྨན་ཁང་དུ་ནད་རྟགས་གང་ཡང་མེད་པ་ངོས་འཛིན་བྱས་འདུག་ན་ཡང་རྒྱ་ནག་གཞུང་གིས་མུ་མཐུད་བཀག་ཉར་འོག་བཞག་ཡོད་འདུག
སྔར་ལོའི་ཕྱི་ཟླ་༨་ཚེས་༡ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་ནས་ཡིན་པ། དགེ་རྒན་རིན་ཆེན་སྐྱིད་ལགས་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་ཁྲིད་དེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཞིན། འདི་ཚེས་༢༠ཉིན་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་དགེ་རྒན་རིན་ཆེན་སྐྱིད་ལགས་སྔར་ལོ་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་སྨྱོ་ནད་ཡོད་སྐོར་བརྗོད་དེ་སྨན་ཁང་དུ་ཁྲིད་ཡོད་པ་བཞིན། སྨན་ཁང་གིས་ཁོ་མོར་ནད་རྟགས་གང་ཡང་མེད་པའི་ཁུངས་སྐྱེལ་བྱས་ཡོད་ན་ཡང་། ད་ལྟའི་ཆར་ཟི་ལིང་དུ་མེད་པར་ས་གནས་གཞན་ཞིག་ཏུ་ཁྲིད་ཡོད་ཀྱང་། ད་དུང་གང་དུ་ཡོད་སོགས་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་སྐོར་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་ཉེན་རྟོག་པས་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་སྐབས་སྨན་ཁང་ལ་སྟོན་རྒྱུ་ཡིན་པར་ཁ་གཡར་ནས་མགོ་ལོག་དར་ལག་ནས་ཟི་ལིང་གྲོང་ཁྱེར་ལ་བཙན་ཁྲིད་ཀྱིས། ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྟན་ཡོད་པ་དང་། སྐབས་དེར་སྨན་པས་ཁོ་མོར་ན་ཚ་མེད་ལུགས་བཤད་པ་དང་འབྲེལ། ཉེན་རྟོག་པས་རིན་ཆེན་སྐྱིད་ཀྱི་ནང་མིར་ཁ་པར་བཏང་ནས། གལ་ཏེ་རིན་ཆེན་སྐྱིད་ལ་ཐུག་འདོད་ཡོད་ན། དུས་ཡུན་སྐར་མ་གཉིས་ནང་ཟི་ལིང་གི་སྨན་ཁང་དེར་ཡོང་དགོས་ལུགས་བཤད་པ་ལྟར། ནང་མི་ཚོ་ཟི་ལིང་གི་སྨན་ཁང་དེའི་ཉེ་འགྲམ་དུ་ཡོད་སྟབས། དུས་ཡུན་སྐར་མ་༥ནང་དེར་འབྱོར་ཡོད་ན་ཡང་། སྐབས་དེར་རིན་ཆེན་སྐྱིད་སྨན་ཁང་དེ་གར་མེད་སྟབས་ནང་མིས་ཉེན་རྟོག་པར་འབྲེལ་གཏུག་བྱེད་སྐབས། ཁྱེད་ཚོ་དུས་ཚོད་འགོར་འགྱང་ཐེབས་ལུགས་ཀྱིས་སྡིག་དམོད་བཏང་ཡོད་པ་དང་། གནས་སྟངས་དེ་ནི་ཁ་གཡར་ས་ཙམ་ལས་སྐར་མ་གཉིས་གསུམ་ནང་ཐུག་འཕྲད་མི་ཐུབ་པ་ཤེས་གསལ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
སྔར་ལོའི་ཕྱི་ཟླ་༨ནང་རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་སློབ་གྲྭ་སྒོ་བརྒྱབས་ནས་དགེ་རྒན་ཚོར་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱས་སྟབས། རིན་ཆེན་སྐྱིད་ལགས་སུ་སེམས་ཁམས་མི་སྐྱིད་པའི་གནས་སྟངས་འོག་ཉིན་ཤས་རིང་ཟ་མ་མ་ཟོས་པས། ཉེན་རྟོག་པས་རྒྱལ་ཁབ་ལ་ངོ་ལོག་བྱས་སྐོར་གྱི་ནག་ཉེས་བཙུགས་ཏེ། དར་ལག་རྫོང་གི་རང་ཁྱིམ་ནས་འཛིན་བཟུང་གིས་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་དང་དགེ་རྒན་སོགས་ལ་ཆབ་སྲིད་ཀྱི་ནག་ཉེས་འདྲ་མིན་གཡོག་ནས་གང་བྱུང་བཙན་ཁྲིད་བྱེད་བཞིན་པ་དེ་ནི། དོན་དངོས་སུ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པར་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་འོག་ནས་ཤེས་ཡོན་པ་ཚོ་རྩ་མེད་གཏོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཞིག་ཡིན་སྐོར་གསུངས་སོང་།
དགེ་རྒན་རིན་ཆེན་སྐྱིད་ལགས་ནི་འདི་ལོ་ལོ་ན་༤༡་ཡས་མས་ཡིན་པ་དང་།ཁོ་མོ་ལོ་ངོ་༢༠ལྷག་གི་ལོ་རྒྱུས་ཡོད་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་དབུ་བརྙེས་ནས་ཅུང་ཙམ་ལས་མ་འགོར་བར་སློབ་གྲྭ་དེར་དགེ་རྒན་བྱས་ཡོད་པ་དང་། ཁོ་མོས་སློབ་གྲྭ་དེའི་འཛིན་རིམ་གཉིས་པ་དང་གསུམ་པར་བོད་ཡིག་དང་ཨང་རྩིས་ཁྲིད་མྱོང་ཡོད་པ་དང་། ད་ལྟ་ཁོ་མོའི་ཤུལ་དུ་ཨ་མ་དང་བཟའ་ཟླ། ལོ་ན་༡༣ཅན་གྱི་བུ་མོ་ཞིག་བཅས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།