ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་ནང་དངོས་ཟོག་གོང་ཇེ་ཆེར་འཕར་བ།
2009.11.11
༄༅༎འཛམ་གླིང་གི་དངུལ་ཁང་ཆེན་མོའི་ལྷོ་ཨེ་ཤེ་ཡའི་སྡེ་ཚན་གྱི་དཔལ་འབྱོར་མཁས་དབང་ཨེ་ལི་ཡ་ན་ཁའར་ཌོ་སོ་ཡིས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནང་དངོས་ཟོག་རིགས་སྤྱིའི་རིན་གོང་ཧ་ཅང་ཚད་མཐོར་འཕར་བའི་ཉེར་ལེན་ལ་བརྟེན་ནས་རྒྱལ་ཁབ་དེ་ཚོའི་དཔལ་འབྱོར་གྱི་བརྟན་ལྷིངས་ཉེན་ཁའི་ངང་ལྷུངས་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཁོངས་ནས་དཔེར་ན་མོལ་ཌིལྦ་སི་ཟེར་བའི་མཚོ་གླིང་རྒྱལ་ཁབ་དེའི་ནང་ཨ་མི་རི་ཀའི་ཌོ་ལར་སོགས་ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ལོར་ཤིན་ཏུ་ཕོན་ཆེན་ནག་འཚོང་རྒྱབ་བཞིན་པའི་ཉེར་ལེན་ལ་བརྟེན་ནས་དངོས་ཟོག་གི་རིན་གོང་འཕར་ཡོད་པ་རེད།
ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་བསྡུར་བ་ཡིན་ན་རྒྱ་གར་དང་པ་ཀི་སི་ཏན་ བལ་ཡུལ་ སྦང་ལ་རྡེ་ཤི་ ཤྲི་ལང་ཀ་ འབྲུག་ཡུལ་སོགས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནང་ད་ལོའི་ཕྱི་ཟླ་དགུ་པ་བརདངོས་ཟོག་གི་རིན་གོང་ལྡབ་གཅིག་འཕར་ཡོད་པ་རེད། རྒྱ་གར་གཅིག་པུར་མཚོན་ན་འབྱུང་སོང་གཉིས་ཆ་མི་སྙོམས་པའི་བར་ཁྱད་ཆེན་པོ་ཡོད་པར་བརྟེན་དེ་ཡིས་རྐྱེན་པས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་སྲ་བརྟན་དང་རྒྱུན་འཁྱོངས་རྒྱུན་འཛིན་བྱ་རྒྱུར་འགོག་རྐྱེན་བཟོ་བ་ཡང་མངོན་གསལ་དོད་པོ་རེད་ཅེས་འཛམ་གླིང་གི་དངུལ་ཁང་ཆེན་མོའི་ཨེ་ལི་ཡ་ན་ཁའར་ཌོ་སོ་ཡིས་རྒྱ་གར་ལ་ཉེན་བརྡ་བཏང་ཡོད་པ་རེད།