བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་རྒྱལ་སྤྱིའི་ཁྲོད་གོ་རྟོགས་སྤེལ་རྒྱུ་གལ་གནད་ཆེན་པོ་ཡིན་ཞེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས་གསུངས་པ།

2024.11.08
བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་རྒྱལ་སྤྱིའི་ཁྲོད་གོ་རྟོགས་སྤེལ་རྒྱུ་གལ་གནད་ཆེན་པོ་ཡིན་ཞེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས་གསུངས་པ། བོད་མཐོ་སྒང་གི་གཙང་པོའི་དུས་ཐུང་འགྲེམས་སྟོན་སྐབས། ༢༠༢༤།༡༡།༠༨ ཉིན།
RFA/ Tenzin Lekmon

ཟླ་ ༡༡ ཚེས་ ༨ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁག་དུ་དུས་ཐུང་གི་འགྲེམས་སྟོན་ (Rivers of the Sky, Glaciers to Valleys) བོད་མཐོ་སྒང་གི་གཙང་པོ། འཁྱགས་རོམ་ནས་ལུང་གཤོངས་བར། ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་ཁོར་ཡུག་དང་དམིགས་བསལ་མཐོ་སྒང་གི་ཆུ་བོའི་གལ་གནད་སྐོར་གྱི་འགྲེམས་སྟོན་ཞིག་དངོས་སུ་དབུ་འཛུགས་ཞུས་སོང་བ་དང་། དུས་ཐུང་འགྲེམས་སྟོན་གྱི་དབུ་འབྱེད་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་སྐུ་འགྲོན་གཙོ་བོར་ཆེད་ཕེབས་ཀྱིས། དེང་སྐབས་རྒྱལ་སྤྱིའི་སྟེང་ཁོར་ཡུག་དང་འབྲེལ་བའི་ཚོགས་ཆེན་དང་ལས་འགུལ་མང་དག་ཅིག་ཡོང་གི་ཡོད་ན་ཡང་། བོད་མཐོ་སྒང་གི་ཁོར་ཡུག་གི་གནད་དོན་ཐད་གླེང་སློང་སོགས་གང་ཡང་ཡོང་ཐུབ་ཀྱི་མེད་སྟབས། དེ་སྔ་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སའི་གོ་ལའི་ཚོགས་འདུ་ཐོག་མའི་ཐོག སའི་གོ་ལ་སྔོན་པོ་དེ་ང་ཚོའི་ཁྱིམ་གཞི་གཅིག་པུ་དེ་ཡིན་པ་དང་། སའི་གོ་ལའི་མཐོ་སྒང་དེ་བོད་ཆགས་ཀྱི་ཡོད་པས་ཁོར་ཡུག་ཐོག་གི་དཀའ་ངལ་སེལ་དགོས་ན་ཐོག་མར་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་ཤེས་དགོས་གལ་ཆེ་བ་ཡིན་པ་བཀའ་སྩལ་ཡོད་པ་བཞིན། ང་ཚོས་ཕྱི་ལ་བོད་དོན་སྐོར་ནས་དྲིལ་བསྒྲགས་སོགས་མང་དག་ཅིག་བྱེད་ཀྱི་ཡོད་ན་ཡང་། བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་ཕྱི་རྒྱལ་བ་ཚོས་དེ་ཙམ་དོ་སྣང་གནང་གི་མེད་པ་ནི་ནོར་འཁྲུལ་ཞིག་ཡིན་སྟབས། ཐེངས་འདིར་བོད་མཐོ་སྒང་གི་གཙང་པོའི་སྐོར་དུས་ཐུང་འགྲེམས་སྟོན་བྱས་པ་ནི་ནུས་པ་ལྡན་པ་ཞིག་ཡིན་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཐེངས་འདིའི་བརྗོད་གཞི་བོད་མཐོ་སྒང་གི་གཙང་པོ། འཁྱགས་རོམ་ནས་ལུང་གཤོངས་བར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་མཁན་པདྨ་དབང་རྒྱལ་ལགས་ནི། ཕྱི་ལོ་ ༡༩༨༧ ནས་ ༢༠༠༨ བར་བོད་ནང་ཐེངས་བཅུ་ལྷག་བསྐྱོད་རྒྱུ་བྱུང་ཡོད་པ་དང་། ཁོང་ནས་དེ་སྔ་བོད་ནང་ཐོག་མར་བསྐྱོད་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་ནགས་གསེབ་མང་པོ་རྩ་མེད་ཀྱིས་ཤིང་རྣམས་མོ་ཊའི་ནང་དབོར་འདྲེན་བྱས་པ་སོགས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བྱེད་བཞིན་པ་གསལ་པོ་མིག་ལམ་དུ་མཐོང་ཡོད་པས། སྐབས་དེར་ཁོང་སེམས་ཀྱིས་མ་བཟོད་པར་ཇར་མ་ནིར་ཕྱིར་ཕེབས་རྗེས། བོད་མཐོ་སྒང་གི་ཁོར་ཡུག་ལ་རྒྱ་ནག་གཞུང་གིས་གཏོར་སྐྱོན་བྱེད་བཞིན་པའི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཐབས་ཀྱི་ལས་འགུལ་མང་དག་ཅིག་སྤེལ་འགོ་བཙུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་དེས། རྒྱལ་སྤྱི་ཁྱོན་ཡོངས་དང་ལྷག་པར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་ཞེས་གསུངས་བྱུང་།

སྐུ་ཞབས་པདྨ་དབང་རྒྱལ་ལགས་ནས་དེ་སྔ་ ༢༠༠༠ ལོར་བོད་ནང་རྟེན་གཞི་བྱས་པའི་ཀརྨ་ཞྭ་ནག་པའི་མ་དགོན་སྟོད་ལུང་མཚུར་ཕུ་དགོན་པའི་ནང་ཤིང་འདེབས་འཛུགས་ཀྱི་ལས་གཞི་སྤེལ་གནང་ཡོད་པ་དེའི་ཐད། ཏཱ་ལའི་བླ་མའི་དགེ་ཙ་ཁང་དང་ཇར་མ་ནི་སྲིད་བློན་སྐུ་ཞབས་ཇོ་ཧན་སི་རའོ་ལགས་ནས་རོགས་སྐྱོར་གནང་ཡོད་པ་རེད།

རྩ་བའི་བོད་མཐོ་སྒང་གི་གཙང་པོ། འཁྱགས་རོམ་ནས་ལུང་གཤོངས་བར། ཞེས་པའི་དུས་ཐུང་འགྲེམས་སྟོན་དེ་བཞིན་ཟླ་གསུམ་རིང་སྤེལ་རྒྱུ་ཡིན་པ་ཞིང་། འགྲེམས་སྟོན་དེའི་རྗེས་བོད་ཀྱི་བུད་མེད་ཅེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎