ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ནས་དྲ་ཐོག་བོད་མིའི་ཆོས་དད་རང་དབང་སྐོར་གཏམ་བཤད།

དེ་ཡང་ཁ་ས་གཟའ་པ་སངས་སྟེ་ཚེས་༤ཉིན་སུད་སི་ཇེ་ནེཝར་ཡོད་པའི་ཨ་རིའི་སྐུ་ཚབ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་གོ་སྒྲིག་ཞུས་པའི་བོད་ནང་ཆོས་དད་རང་དབང་དང་། ༧གོང་ས་ཏཱ་ལའི་བླ་མས་དབུས་པའི་ནང་པའི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཅེས་པའི་བརྗོད་གཞིའི་ཐོག་དྲྭ་ལམ་བརྒྱུད་ནས་ཉན་ཞིབ་ཚོགས་འདུ་གོ་སྒྲིག་ཞུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་ལྷན་ཁང་གི་གཞུང་ཚབ་ཆེན་མོ་སམ་བའོ་རོ་བེ་ཀའིSam Brownback བཅས་འབྲེལ་ཡོད་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་པའི་སྐབས་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་སྐུ་ཞབས་རོ་སྦརཌ་ཌེསི་ཏྲོ་(Robert Destro)ལགས་ནས་ཀྱང་བོད་ནང་གི་ཆོས་དད་རང་དབང་སྐོར་གསུངས་ཡོད་འདུག ཁོང་གིས་ཐོག་མར་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་པོ་ཡིན་པའི་ངོ་སྤྲོད་གནང་བ་དང་སྦྲགས་ཆོས་དད་རང་དབང་ཞེས་པ་ནི་འགྲོ་བ་མིའི་རིག་གཞུང་ཕན་རླབས་འགྲུབ་ཐུབ་པའི་ནུས་པ་ཡོད་པ་དང་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཞིག་ཀྱང་རེད། ཡིན་ནའང་བོད་ནང་ཆ་བཞག་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་ཕྱོགས་དང་འབྲེལ་བའི་ཐོག་ནས་ལས་དོན་གང་འདྲ་ཞིག་སྤེལ་ཡང་དེ་དག་ཐོག་དམ་དྲག་བྱེད་བཞིན་ཡོད་རེད་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པས་བླ་སྤྲུལ་ངོས་འཛིན་ཞུ་བའི་ལམ་སྲོལ་དེ་དག་ལའང་ཐེ་བྱུས་བྱ་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་རེད། དེ་དང་ཕྱོགས་མཚུངས་བོད་མིའི་སྐད་ཡིག་དང་རིག་གཞུང་གི་ཐོག་ལའང་དམ་དྲག་བྱེད་པ་སོགས་གང་ལྟར་ནང་པ་ཙམ་མ་ཡིན་པར་ཆོས་ལུགས་གཞན་གྱི་ཐོག་ལའང་སྡང་ཟུག་དང་བཅས་དེ་དག་གིས་རྒྱ་ནག་དམར་ཤོག་གུང་བྲན་ཚོགས་པ་དང་ཡང་ན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ཉེན་ཁ་བཟོ་གི་ཡོད་པའི་དྭོགས་ཟོན་བྱེད་ཀྱི་ཡོད་རེད་ཅེས་ཐེར་བཏོན་གནང་འདུག ད་དུང་ཁོང་གིས་གཏམ་བཤད་དེའི་ནང་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་རང་དབང་ཐོག་ལ་རྒྱ་ནག་གཞུང་གིས་ཚད་བཀག་བྱ་རྒྱུའི་ཐབས་ལམ་གང་རུང་ལ་ཨ་མི་རི་ཀ་གཞུང་གིས་ངོས་ལེན་མེད་པ་བརྗོད་འདུག
ཡང་ཁོང་གིས་མུ་མཐུད་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་(Mike Pompeo)མཆོག་གིས་ཉེ་ཆར་ངོས་རང་དམིགས་བསལ་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་དེ་ནི་བོད་མི་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་གནད་དོན་ཐོག་ཐུགས་སྣང་ཆེན་པོ་གནང་བ་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་སྟངས་ལ་ཐུགས་འཚབ་གནང་བ་ཞིག་ཀྱང་རེད་ལ་ཨ་མི་རི་ཀའི་གཞུང་གི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྒྱ་གར་དང་བལ་ཡུལ། འབྲུག་གསུམ་ཙམ་ནང་གནས་སྡོད་བོད་མི་གཅིག་པུ་མ་ཡིན་པར་བོད་ནང་གི་བོད་མི་ཚོའི་ཐོག་ལའང་ཐུགས་སྣང་གནང་གི་ཡོད་རེད། འོན་ཀྱང་ཉེ་ཆར་ངོས་རང་བསྐོ་གཞག་བྱུང་མཚམས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད། ངའི་བསམ་པར་བྱས་ན་ང་ཚོར་ཚུར་སྐྱོན་བརྗོད་བྱ་རྒྱུའི་ཚབ་ཏུ་རྒྱ་ནག་ལ་ཆ་བཞག་ན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གཙོས་རྒྱལ་སྤྱིའི་ཡུལ་གྲུ་གང་སའི་ནང་ཐེ་བྱུས་བྱེད་པའི་གནས་ཚུལ་མང་དག་ཞིག་ཡོད་རེད་ཅེས་གསུངས་ནས་གང་ལྟར་ཨ་མི་རི་ཀའི་གཞུང་ནས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་མཚོན་ཆེད་Tibet Policy Actཞེས་པའི་ཁྲིམས་གཞིའི་འོག་ནས་བོད་དོན་ཐོག་མུ་མཐུད་ནས་རྒྱབ་སྐྱོར་ཞུ་ཡི་རེད་ལ་རྒྱལ་ཁབ་གཞན་གྱི་ངོས་ནས་ཀྱང་དེ་ལྟར་བོད་ཐོག་འཛིན་པའི་སྲིད་བྱུས་ཞེས་པའི་ཁྲིམས་གཞི་འདི་འདྲ་བ་བཟོས་པའི་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་བའི་འབོད་སྐུལ་ཞུ་གི་ཡིན་ལ་ངོས་རང་བོད་དོན་དམིགས་བསལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཁྱེད་རྣམས་དང་ལྷན་དུ་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་ལས་དོན་སྤེལ་རྒྱུ་ཡིན་ཞེས་ནན་བརྗོད་གནང་ཡོད་འདུག།