༸གོང་ས་མཆོག་ནས་གཞན་ཕན་གྱི་བསམ་བློ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ཅེས་བཀའ་གནང་འདུག


2020.09.11
༸གོང་ས་མཆོག་ནས་གཞན་ཕན་གྱི་བསམ་བློ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ཅེས་བཀའ་གནང་འདུག ༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་མི་རི་ཀའི་བརྙན་དེབ་རོ་ལིང་སི་ཊོན་(Rolling Stones) གྱི་གསར་འགོད་པ་ཨེ་ལེཀས་མོ་རིས་(Alex Morris) ལགས་ཀྱི་དྲི་བར་བཀའ་ལན་གནང་སྐབས།
རོ་ལིང་སི་ཊོན་དྲ་ཚིགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་བསྔགས་དང་ཐུགས་སྨོན་ལས་གྲུབ་པའི་སེམས་ཁམས་ཀྱི་འཛམ་གླིང་ཞེས་པའི་རྟ་དབྱངས་ཀྱི་འཁོར་ཐག་འདོན་སྤེལ་དང་འབྲེལ་བའི་བཀའ་སློབ་ནང་། དེང་གི་དཀའ་སྡུག་ཆེ་བའི་དུས་སྐབས་སུ་སེམས་ཞི་བདེ་བག་ཕེབས་ཡོང་ཐབས་སུ་མ་རུང་བའི་བསམ་པའི་བློ་དེ་དག་མེད་པ་བཟོ་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་མགོན་པོ་གང་ཉིད་མཆོག་གི་མཚན་སྔགས་དང་ཐུགས་སྨོན་ལས་གྲུབ་པའི་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐག་དང་། ཀོཝིཌ་༡༩ ཏོག་དབྱིབས་ནད་འབུའི་རིམས་ནད་ཀྱི་གནད་དོན་ཐད་ལ་འཛམ་གླིང་ནང་ཐུགས་འགན་བཞེས་པ་དང་འབྲེལ་མང་ཚོགས་རང་ངོས་ནས་གདོང་ལེན་གནང་ཕྱོགས་སྐོར་བརྙན་ཐུང་ཞིག་འདོན་སྤེལ་གནང་ཡོད་ཅིང་། ཨ་མི་རི་ཀའི་བརྙན་དེབ་རོ་ལིང་སི་ཊོན་(Rolling Stones) གྱི་གསར་འགོད་པས་དྲ་རྒྱ་བརྒྱུད་བཀའ་འདྲི་ཞུས་པའི་བཀའ་ལན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ཁྲོ་དང་།  ང་རྒྱལ།  ཕྲག་དོག་གི་བསམ་པ་སོགས་མ་རུང་བའི་བསམ་བློ་དེ་ཚོ་དོར་དགོས་གལ་ཆེན་པོ་ཡིན་པ་དང་།   ད་ལྟ་དཀའ་ངལ་ཆེ་བའི་དུས་ཚིགས་དེའི་ནང་གཞན་ཕན་གྱི་བསམ་བློ་འཁྱེར་དགོས་པ་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ཅེས་བཀའ་གནང་འདུག

ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་མི་མང་ཐེར་འབུམ་བདུན་ཙམ་ཡོད་པ་རྣམས་རྡོག་རྩ་གཅིག་སྒྲིལ་ངང་གནས་པའི་ཐོག་སེམས་ནང་གི་ཁོང་ཁྲོ་དེ་སྣང་མེད་དུ་བཏང་ཏེ་སེམས་ནང་འཇིགས་སྣང་དང་། འགྲན་སེམས་མེད་པའི་ཐོག་ནས་གནས་དགོས་གལ་ཆེན་པོ་ཡིན་པ་མུ་མཐུད་བཀའ་གནང་འདུག

དེང་སྐབས་ཏོག་དབྱིབས་ནད་འབུའི་ནད་ཡམས་ཀྱི་དཀའ་ངལ་དེའི་སྐབས་དང་འབྲེལ་བའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང་།   ཏོག་དབྱིབས་ནད་འབུའི་ནད་ཡམས་ཕོགས་པའི་ནད་པ་ཚོའི་ཐོག་ཆེད་ལས་པ་ཚོས་ཐབས་ཤེས་གང་དྲག་གིས་སྨན་བཅོས་གནང་བཞིན་ཡོད་པ་དང་།  ད་དུང་ནད་ཡམས་སྔོན་འགོག་གི་སྨན་ཁབ་སོགས་ཞིབ་འཇུག་གནང་བཞིན་ཡོད་པ་རེད།   ཡིན་ནའི་ནད་ཡམས་དེར་འཇིགས་སྣང་སྐྱེས་ནས་བསྡད་པ་ཡིན་ན་ཕན་ཐོགས་ཡོད་པ་མ་རེད།   དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་མཁས་པ་ཞིག་གིས་གསུངས་པ་ལྟར་དཀའ་ངལ་འཕྲད་པའི་སྐབས་དཀའ་ངལ་དེར་གདོང་ལེན་བྱེད་དགོས་ཀྱི་རེད།  གལ་ཏེ་དཀའ་ངལ་དང་སྡུག་ངལ་སོགས་ལས་ཐར་བ་ཡིན་ན་དེར་དཀའ་ངལ་དེ་ནས་ཐར་བའི་སེམས་ཁྲལ་དང་འབད་བརྩོན་བྱེད་དགོས་དོན་མེད་ཅེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་བརྙན་དེབ་རོལིང་སི་ཊོན་( Rolling Stones) གྱི་གསར་འགོད་པར་བཞད་མོ་བཞད་ནས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎