སི་ཀོཊ་ལན་ཌིའི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་དང་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཡོད་གསུངས་འདུག

དེ་ཡང་སྤྱི་ཟླ་ ༡༢ ཚེས་ ༢ ཉིན་སི་ཀོཊ་ལན་ཌིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Ross Greer ཡིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་སྐབས་སུ་སི་ཀོ་ཊི་ལན་ཌིས་བོད་དོན་རྒྱབ་སྐྱོར་ཐད་འབད་བརྩོན་གནང་བཞིན་པའི་སྐོར་གསུང་ཡོད་ལ། འདི་ནི་ཉེ་ཆར་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་ཁག་ཅིག་སི་ཀོཊ་ལེན་ཌི་ནང་འཚམས་གཟིགས་གནང་བའི་རྗེས་སུ་གསུངས་བ་ཞིག་རེད་འདུག
སྐུ་ཞབས་ Ross Greer མཆོག་གིས་སི་ཀོཊ་ལན་ཌིའི་གྲོས་ཚོགས་འཐུས་མི་ཚོས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་ཡོད་ཀྱང་། སི་ཀོཊ་ལན་ཌི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་དང་འབྲེལ་བ་བྱེད་རྒྱུར་དང་ལེན་བྱེད་ཀྱི་མེད་སྐོར་གསུང་ཡོད་ཅིང་། དེ་ཡང་ཁོང་གིས་སི་ཀོཊ་ལན་ཌི་གཞུང་གིས་བཙན་བྱོལ་བོད་མིའི་སྐུ་ཚབ་རྣམ་པ་དང་འབྲེལ་བ་བྱེད་འདོད་མེད་པ་དེ་ནི་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཡིན་པར་ཡིད་ཆེས་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཡིན་ནའང་ཁོང་གིས་སི་ཀོཊ་ལན་ཌིའི་གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཁག་ཚང་མས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་གསལ་སྟོན་གནང་འདུག དེ་བཞིན་༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བ་དང་། རྒྱ་ནག་གིས་བོད་ནང་བཙན་ཤེད་ཀྱིས་རིགས་རྫས་DNAབསྡུ་རུབ་བྱས་པ། གཞན་ཡང་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་མཐོ་སྒང་བོད་ལ་ཤུགས་རྐྱེན་ག་རེ་བྱུང་བཞིན་པ་སོགས་ཀྱི་གནད་དོན་ཐད་མི་རྣམས་ཀྱིས་དོ་སྣང་ཤུགས་ཆེ་རུ་གཏོང་ཐབས་ཀྱི་གནད་དོན་ཡང་གླེང་ཡོད་པ་གསུང་འདུག
སི་ཀོཊ་ལན་ཌིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ross Greer ཡིས་ Glasgow གྲོང་ཁྱེར་དུ་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་ཡོད་པ་དང་། སི་ཀོཊ་ལན་ཌིའི་གཙུག་ལག་སློབ་གྲྭ་ཁག་ཏུ་རྒྱ་ནག་དང་ཧོང་ཀོང་གི་སློབ་ཕྲུག་ཚོར་ལྟ་རྟོག་བྱེད་བཞིན་པ་སོགས་ནི་རྒྱལ་མཚམས་ལས་བརྒལ་བའི་བཙན་གནོན་ཡིན་པས་དེ་དག་ཐད་ངེས་པར་དུ་དོགས་ཟོན་ནན་མོ་བྱེད་དགོས་པ་སོགས་ནན་བརྗོད་གནང་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།