པ་ཀི་སི་ཐན་སྲིད་འཛིན་གྱི་སྐུ་དབང་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ།
2008.06.08
༄༅༎པ་ཀི་སི་ཐན་གྱི་གྲོས་ཚོགས་ཀྱིས་སྲིད་འཛིན་མུ་ཤ་རཕཱ་ཡི་སྐུ་དབང་ཆུང་དུ་གཏང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པའི་གནས་ཚུལ་ཐོན་འདུག།
གཞུང་གསར་པས་སྲིད་འཛིན་གནས་དབྱུང་གཏང་རྒྱུའི་ཐབས་ཤེས་ཡོད་དགུ་རྩལ་དྲུག་གནང་མུས་ཀྱང་སྲིད་འཛིན་གྱི་ངོ་ནས་དགོངས་པ་ཞུ་རྒྱུའི་འཆར་གཞི་མེད་ལུགས་རེས་གཟའ་ཉི་མའི་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་གནང་འདུག འོན་ཀྱང་སྲིད་འཛིན་གྱིས་འགྲིག་ཆགས་ཀྱི་ཁོར་ཡུག་བསྐྲུན་གྱི་ཡོད་པའི་རྣམ་པར་ ཕྱི་ཟླ་གཉིས་པའི་རྒྱལ་ཡོངས་འོས་བསྡུའི་རྗེས་སུ་གྲོས་ཚོགས་ནང་ཕྱོགས་འགལ་ཚོགས་པའི་འོག་ཡོད་པར་བརྟེན་དབང་ཆ་ཆེ་ཤོས་གྲོས་ཚོགས་རེད་ཅེས་ངོས་ལེན་གནང་འདུག རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་ ཨལ་ཁེ་ཏ་དང་ཏ་ལི་བཱན་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་ཀྱང་གཞུང་གསར་པའི་ནུས་པ་ཡོངས་རྫོགས་སྲིད་འཛིན་གནས་དང་མི་གནས་སྐོར་མགོ་རྨོངས་བསྡད་ཡོད་པ་དེར་མང་ཚོགས་ཀྱི་བློ་འཚབ་བྱེད་ཀྱི་ཡོད་འདུག གོང་ཞུས་གསར་འགོད་ལྷན་ཚོགས་ཐོག་སྲིད་འཛིན་མུ་ཤ་རཕཱ་ཡིས་སྲིད་བློན་དམ་པ་ བཱེ་ན་ཛིར་གྱི་པ་ཀི་སི་ཐན་མི་མང་ཚོགས་པས་རྩ་ཁྲིམས་གསར་བཟོ་དང་རྩ་ཁྲིམས་ལ་བསྐྱར་བཅོས་དགོས་རིགས་འགྱུར་བ་བཏང་རྩིས་ཡོད་ལུགས་གསུངས་པ་སྦྲགས་སྲིད་འདིན་གྱི་སྐུ་དབང་ཆུང་དུ་གཏང་རྒྱུར་མོས་མཐུན་གནང་གི་མེད་ལུགས་གསུངས་གནང་འདུག འོན་ཀྱང་པ་ཀི་སི་ཐན་མི་མང་ཚོགས་པས་ རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབང་ཆ་གྲོས་ཚོགས་ལ་ཡོད་པས་སྲིད་འཛིན་གྱི་ཐུགས་འདོད་ཡོད་མིན་མི་ལྟོས་པར་ཁྲིམས་ལུགས་དང་རྩ་ཁྲིམས་ལ་བསྐྱར་བཟོས་གནང་གི་རེད་ཅེས་འགྲེལ་བརྗོད་གནང་འདུག དེ་མ་ཟད་ཚོགས་པའི་དབུ་ཁྲིད་ ཨ་སིཕཱ ཛར་རྡ་རི་ ཡི་སྲིད་འཛིན་མུ་ཤ་རཕཱ་ཡི་དུས་ཚོད་ཐིམ་ཚར་བ་རེད་ ང་ཚོས་ཁོང་ལ་ཁྲིམས་མཐུན་གྱི་སྲིད་འཛིན་ཡིན་པར་ངོས་ལེན་གནང་གི་མེད་ལུགས་སྐྱོན་བརྗོད་གནང་འདུག ཡང་སྲིད་བློན་ཟུར་པ་ན་ལྦཛེ་ཤ་རིཕཱ་ཡིས་སྲིད་འཛིན་མུ་ཤ་རཕཱ་གནས་དབྱུངས་ཀྱི་ཁྲིམས་ཐོག་བསྐྱེལ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག།