ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད་གསོལ་སྟོན།
2016.06.14

ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་རྣམ་གཉིས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་གསོལ་སྟོན་འབུལ་ཡོད་པ།
དེ་ཡང་འདི་ཚེས་༡༤་རེས་གཟའ་མིག་དམར་ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་Nancy Pelosi་མཆོག་དང་། སྤྱི་མཐུན་ཚོགས་པའི་དབུ་ཁྲིད་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་Paul Ryan་རྣམ་གཉིས་ཀྱིས། བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་ཉིན་གུང་ལྗགས་སྨིན་ལྷན་བཞེས་ཀྱི་གསོལ་སྟོན་གནང་ཡོད་པ་རེད།
དེ་ཡང་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གསལ་བསྒྲགས་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གསོལ་སྟོན་བཤམས་རྒྱུ་དེ་ནི་ང་ཚོ་ཚོགས་པ་གཉིས་ཀའི་ངོས་ནས་ཁོང་གིས་འཛམ་གླིང་ཀུན་ཁྱབ་ཀྱི་ཆེད་དུ་བྱམས་བརྩེ་དང་ཞི་བདེ་ཁྱབ་སྤེལ་གནང་བཞིན་པ་དེར་གུས་བརྩི་ཞུ་གི་ཡོད་པའི་མཚོན་དོན་ཡིན་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཀྱང་བོད་མི་ཚོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་མཐུན་འགྱུར་བྱེད་དགོས་རྒྱུའང་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་སྤྱི་མཐུན་ཚོགས་པའི་དབུ་འཁྲིད་དང་གྲོས་ཚོགས་ཀྱི་ད་ལྟའི་ཚོགས་གཙོ་སྐུ་ཞབས་པོལ་ར་ཡན་མཆོག་གི་གསུང་འཕྲིན་ནང་དུའང་། ལྕམ་ནེན་སི་པེ་ལོ་སི་ལྷན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གསོལ་སྟོན་བཤམས་རྒྱུར་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་ཡོད་ཅེས་གསུངས་ཡོད་འདུག
༧གོང་ས་མཆོག་ཟླ་བ་འདིའི་ཚེས་༡༢་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ཨ་རིའི་རྒྱལ་སའི་ཁུལ་དུ་མུ་མཐུད་ནས་མཛད་འཆར་སྐྱོང་བཞིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།