ས་སྐྱ་གོང་མ་རིན་པོ་ཆེར་ཆོས་ཚོགས་དང་ཚོགས་སྐྱིད་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།
འདི་ཟླའི་གསུམ་ཉིན་བོད་མའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ནང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བྱང་ཨ་རིའི་ས་སྐྱའི་སྨོན་ལམ་གཉིས་ཀྱི་སྣེ་འཁྲིད་འོག་ཆོས་ཚོགས་ཁག་དང་ཚོགས་སྐྱིད་རྣམས་ནས་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་ཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ས་གནས་མི་མང་དང་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་ཁ་ཤས་ལྷན་བཞུག་གནང་འདུག དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་བོད་མིའི་བླ་ན་མ་མཆིས་པའི་སྐྱབས་གནས་སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བརྟེན་རྒྱུའི་ཐུགས་སྨོན་གནང་བ་དང་ཆབས་གཅིག་བརྟན་བཞུགས་ཕུལ་མཁན་གྱི་ཆོས་ཚོགས་དང་། ཚོགས་སྐྱིད་། མི་མང་བཅས་ལ་ཐུགས་རྗེ་ཆེ་གསུང་གནང་འདུག
དེ་དོན་བརྟན་བཞུགས་དང་འབྲེལ་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེ་སྨོན་ཆེན་མོའི་ཚོགས་གཙོ་མཁན་པོ་ཀུན་དགའ་ཤེས་རབ་ལགས་ནས་འགྲེལ་བརྗོད་གནང་རྒྱུར་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རྟ་ཚག་རྗེ་འབྲུང་རིན་པོ་ཆེ་མཆོག་ནས་གནང་བ་ཡིན་སྐོར་དང་དེ་བཞིན་ཆོ་ག་རི་བོ་དགེ་ལྡན་པའི་དགེ་འདུན་མང་བ་ཡོད་དུས་རྟེན་་འབྲེལ་ཆ་ནས་གནང་སྐོར་གསུང་བྱུང་།བརྟན་བཞུགས་དེ་བཞིན་བསྟར་འབུལ་ཞུ་དགོས་དོན་ནི་ས་སྐྱ་གོང་མ་རིན་པོ་མཆོག་ནས་ད་བར་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་ཆེད་དུ་མཛད་འཕྲིན་རླབས་ཆེན་བསྐྱང་གནང་བར་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་བརྟན་བཞུག་ཕུལ་བ་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་གཏམ་བཤད་གནང་སོང་ཉིན་རྒྱབ་དུ་རིན་པོ་ཆེ་མཆོག་ནས་མི་མང་ལ་མཇལ་ཁ་གནང་བ་དང་ཕྱི་དྲོ་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་དབུས་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལྷན་དགོངས་ཚིགས་གསོལ་སྟོན་ལྷན་བཞེས་གནང་སོང།
མཐའ་དོན་འཁོན་རིགས་བསྟན་པའི་བདག་པོ་དཔལ་ས་སྐྱ་གོང་མ་རིན་པོ་མཆོག་གི་ཁེ་ཎ་ཌའི་གྲོང་འཁྱེར་ཀྲོ་རོན་ཀྲོ་ནང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་འགྲུབ་ནས་འདི་ཟླའི་ཚེས་ལྔ་ཉིན་ཡུ་རོབ་གྱི་རྒྱལ་ཁབ་སུད་སིར་གཅིག་མཚུངས་ཀྱིས་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེད་ཕེབས་རྒྱུ་ཡིན་པ་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་གི་འདུག
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།