༧གོང་མ་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་མཛད།
2013.02.19

༄༅། །དེ་ཡང་ཟླ་བ་འདིའི་ཚེས་༡༧ཉིན་རྒྱ་གར་གྱི་ཧི་མ་ཅལ་ཁུལ་དུ་རྟེན་གཞི་བྱེད་པའི་སྤུ་རུ་ཝ་ལ་གཞིས་དགོན་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འཁོན་རིགས་བསྟན་པའི་སྲོག་ཤིང་༧དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་མང་ཉི་སྟོང་ལྷག་ཙམ་ལ་འཕོ་ལུང་དང་ཚེ་དབང་བཀྲིན་ཆེ་གནང་མཛད་ཡོད་པ་རེད། ཆོས་འབྲེལ་སྐབས་སེར་སྐྱ་མི་མང་འཕོན་ཆེ་འདུ་འཛོམས་ཀྱི་གོ་སྐབས་དང་བསྟུན། དེང་སང་བོད་གངས་ཅན་གྱི་ལྗོངས་སུ་ཤིན་ཏུ་ནས་ཡ་ང་བའི་གནས་ཚུལ་བྱུང་བཞིན་པའི་སྐབས་དེར་བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་འདེབས་ཞུ་རྒྱུ་དང༌། ཛ་དྲག་གནས་སྟངས་འོག་ཚེ་འདས་སུ་གྱུར་བའི་གཤིན་པོ་རྣམས་བར་དོའི་འཇིགས་སྐྲག་དང་ངན་སོང་གི་གནས་ལས་གྲོལ་ཏེ། མཐར་ཐུག་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པ་དང༌། གསོན་པོ་ཡོད་པ་རྣམས་ཀྱང་མགྱོགས་ནས་མྱུར་དུ་ནད་ལས་གྲོལ་སྟེ། ཚེ་ལྷག་དོན་ལྡན་ཡོང་བ་སོགས། མདོར་ན་དཀའ་སྡུག་མྱོང་བཞིན་པའི་ཤི་གསོན་ཚང་མའི་རེ་བའི་འབྲས་བུ་མྱུར་དུ་སྨིན་ཆེད་ཐུགས་སྨོན་དང་བཅས་མ་ཎི་གསོག་སྒྲུབ་གནང་འདུག
དེ་རྗེས་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ལ་བཀའ་སློབ་གནང་བའི་ནང༌། ད་ལྟ་ང་ཚོ་བོད་མི་ཚོར་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོར་སྤེལ་གསུམ་གནང་མཁན་བླ་མ་དང་དགེ་འདུན་པ་ཚོ་ཆགས་གནང་གི་ཡོད་སྟབས། བླ་སྤྲུལ་དགེ་འདུན་པ་རྣམས་ནས་སྡོམ་པ་དམ་ཚིགས་སྲུང་དགོས་པ་དང༌། སྒྲིག་ལམ་ཀུན་སྤྱོད་སྲུང་གནང་རྒྱུ། ལྷག་པར་དུ་ཆོས་ཕྱོགས་ཀྱི་གཞུང་ཆེན་ལ་སློབ་གཉེར་མཐར་གསོན་པ་གནང་རྒྱུ་གལ་ཆེ་ཡིན་སྐོར་བཀའ་གནང་འདུག་ལ། མང་ཚོགས་ངོས་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་སྐྱོབ་དར་འཕེལ་ཆེད། སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་ཕྱིན་ཅི་མ་ལོག་པ་ལག་ལེན་དུ་འཁེལ་བ་བྱ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་འདུག དེ་བཞིན་ས་སྐྱ་༧བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་མི་ཚོར་རྒྱ་གར་གཞུང་དང་མི་མང་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ནས་དུས་རྟག་ཏུ་ས་གནས་ཡུལ་མི་རྒྱ་གར་བ་དང་མཐུན་ལམ་བཟང་པོ་བྱེད་དགོས་སྐོར་གྱི་བཀའ་སློབ་ཡང་གནང་ཡོད་པ་རེད།།