བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་ས་གནས་འགོ་འཛིན་རྣམ་པར་བཀའ་སློབ་གནང་འདུག

དེ་ཡང་སྤྱི་ཟླ་༡༡པའི་ཚེས་༦ནས་༩བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་གངས་སྐྱིད་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༥པ་དེ་བཞིན་བསྐོང་ཚོགས་གནང་ཡོད་པ་དང་བསྟུན། ས་གནས་འགོ་འཛིན་རྣམ་པས་༧གོང་ས་མཆོག་གི་དགོངས་བཞེད་འགྲུབ་པ་ལ་དམིགས་བསལ་གྱིས་ཞབས་འདེགས་ཞུ་དགོས་གང་ཡོད་ཀྱི་བརྗོད་གཞི་དང་འབྲེལ་ཏེ། ཚེས་༩ཉིན་བཞུགས་སྒར་གྱི་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་ས་གནས་ཁག་༤༥ནས་ཆེད་བཅར་གནང་བའི་ས་གནས་འགོ་འཛིན་རྣམ་པར། རིན་པོ་ཆེ་སྐུ་སྒེར་རང་གི་ངོ་ཚབ་ཀྱི་ཐོག་ནས་ལམ་སྟོན་བཀའ་སློབ་གནང་སྐབས། བོད་མི་རིགས་དང་བོད་སྤྱི་ཚོགས་ཀྱི་གནས་བབ་དང་དེའི་སྒྲོམ་གཞི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་བསྲ་བརྟན་ཉར་ཐབས། ཁྲིམས་ཀྱི་དབང་སྒྱུར་ད་ཡོད་ཉམས་ཆག་མེད་པར་བཟོ་ཐབས་བཅས་ཀྱི་ཐོག ཆབ་སྲིད་ཀྱི་འཆར་སྣང་དང་གོ་རྟོགས་ཡོད་པ་བོད་མི་གཞོན་སྐྱེས་ནང་དཀོན་པོ་ཆགས་འདུག་ཅེས་དང་། ས་གནས་འགོ་འཛིན་རྣམས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་མང་གཙོའི་ལམ་སྲོལ་དེ་ས་གནས་སོ་སོའི་ནང་བརྟན་ལྷིང་གནས་ཐབས་གནང་དགོས་པ་དང་། གཞོན་སྐྱེས་ཚོར་འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་སླད་༧གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་གདམ་ངག་རྣམས་ལག་བསྟར་ཡོང་བ་གནང་རྒྱུ། ས་གནས་ཀྱི་ལས་དོན་ཁྲོད་ཁོར་ཡུག་སྲུང་སྐྱོབ་བདག་གཅེས། དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་ཕན་པའི་ཞབས་འདེགས་ཞུས་ཚེ་༧གོང་ས་མཆོག་གི་དགོངས་བཞེས་འགྲུབ་པར་ཞབས་འདེགས་ཡོང་ངེས་ཡིན་པའི་ལམ་སྟོན་གནང་སོང་།
གཞན་བོད་མིའི་སྤྱི་ཚོགས་ནང་། སྦྱོར་དངོས་རྗེས་འབྲང་གི་ཚུལ་དུ་༧རྒྱལ་བ་རིན་པོ་ཆེར་ཕྲན་བུ་ཟུར་ཟ་ཞུ་མཁན་དང་། དངོས་སུ་སྐྱོན་བརྗོད་པ་རེ་ཟུང་འཐོན་བཞིན་པ་ཇེ་མང་དུ་འགྲོ་བཞིན་པ་དེ་ཚོར་གདོང་ལེན་བྱེད་སྟངས་ཚད་དང་ལྡན་པ་དགོས་གལ་ཆེན་པོ་དང་། གདོང་ལེན་བྱེད་སྟངས་ཚད་ལྡན་ཟེར་བ་ནི་ཁོང་ཚོ་ང་ཚོས་ཁོང་ཁྲོ་ཟ་ཡུལ་གྱི་གཞི་རྩ་ཆགས་ཀྱི་མེད་པར། སྙིང་རྗེ་སྐྱེ་ཡུལ་གྱི་གཞི་རྩ་ཆགས་ཀྱི་ཡོད་པ་མ་གཏོགས། དེ་འདྲ་བྱེད་མཁན་ཚོར་ལམ་སེང་ཁོང་ཁྲོ་དང་དགྲར་འཛིན་བྱས་ན། དེས་ང་ཚོའི་གདོང་ལེན་བྱེད་སྟངས་དེ་ཚད་དང་ལྡན་པ་མ་བྱུང་བ་རེད། ཡིན་ནའང་། དད་པ་དམ་ཚིག་དང་འགལ་བའི་གང་ཟག་དེ་ཚོ་དང་མཉམ་དུ་ཁོང་ཁྲོ་མེད་པའི་ཐོག་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་འཛིན་རྒྱུ་གལ་ཆེན་རེད་ཅེས་ལམ་སྟོན་གནང་སོང་།
ཡང་ཟམ་གདོང་རིན་པོ་ཆེ་ཡིས། མི་མང་པོས་མང་གཙོའི་ལྟ་གྲུབ་ཡག་པོ་མ་ཤེས་པའི་སྐབས། འོས་བསྡུ་བྱེད་པ་དེ་འགྲན་བསྡུར་བྱས་པར་མཐོང་གི་ཡོད་ནའང་འོས་བསྡུ་ཟེར་བ་དེ་འགྲན་བསྡུར་རྩ་བ་ཉིད་ནས་མིན་པར་བདམས་ཀ་རེད། བདམས་ཀ་དང་འགྲན་བསྡུར་གཉིས་ཀྱི་དབྱེ་བ་ཕྱེ་དགོས་པ་དང་། རང་གི་སྐུ་ཚབ་མཚོན་པའི་འཐུས་མི་བདམས་སྐབས་ཀྱང་བདམས་བྱའི་འཐུས་མི་ཁ་ཤས་ལ་དགའ་བ་དང་མི་དགའ་བའི་དབྱེ་བ་མི་ཕྱེ་བར། མི་སོ་སོའི་བསམ་སྤྱོད་དང་གོམས་གཤིས། ཕྱག་ལས་གནང་སྟངས་དང་དགོངས་པ་བཞེས་སྟངས་དེ་ཚོ་ཡག་པོ་རྟོགས་པའི་ཐོག་ནས། སྤྱི་ཚོགས་ལ་ཕན་ཐོགས་དང་རང་གི་སྐུ་ཚབ་མཚོན་ཐུབ་ཤོས་དེ་བདམས་ཀ་མ་ནོར་བ་གནང་ཐུབ་ན་ཡག་པོ་ཡོང་གི་རེད་ཅེས་ཀྱང་ལམ་སྟོན་གནང་སོང་།
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས ས་གནས་འགོ་འཛིན་ཚོར་ལམ་སྟོན་བཀའ་སློབ་དེ་ནི། ཏཱ་ལ་བླ་མའི་དགེ་རྩའི་ངོས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ནའང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་ཁོང་གིས་ད་ལམ་གང་ཞུས་པ་རྣམས་ནི། གང་ཟག་སྒེར་བ་གཅིག་གི་བསམ་ཚུལ་རང་ཡིན་པ་མ་གཏོགས། སྒྲིག་འཛུགས་དང་ཚོགས་པ་སྡེ་ཚན་གང་གིའང་དགོངས་ཚུལ་མཚོན་གྱི་ཡོད་པ་ཞིག་མ་རེད་ཅེས་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།