མོན་གྱི་མི་མང་ཚོས་མཐུན་སྒྲིལ་དང་ཆོས་ཕྱོགས་ཀྱི་བྱ་བ་གང་ཐུབ་བསྒྲུབ་རྒྱུ་དང་ལྷག་པར་སྔོན་གྱི་རིག་གཞུང་དང་ལེགས་བྱང་བཟང་པོ་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་བ་ཡིན་ཞེས། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་མོན་ཡུལ་གྱི་མི་མང་ཚོར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་ཆོས་གནང་སྐབས་ལམ་སྟོན་ཕེབས་ཡོད་པ།
རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་པདྨ་མཁའ་འགྲོ་ལགས་གཙོས་པའི་མོན་གྱི་སེར་སྐྱ་མི་མང་ཆིག་སྟོང་ལྔ་བརྒྱ་བརྒལ་བ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་བར་བཞུགས་སྒར་དུ་བཅར་ཡོད་པར། ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་༸གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། མོན་གྱི་དད་ལྡན་པ་ཚོ་གཙོས་པའི་ཕྱི་ནང་གི་སེར་སྐྱ་མི་མང་སྟོང་ཕྲག་འགའ་ལ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་ཆོས་སྩལ་གནང་སྐབས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མོན་གྱི་མི་མང་ཚོས་མཐུན་སྒྲིལ་དང་ཆོས་ཕྱོགས་ཀྱི་བྱ་བ་གང་ཐུབ་བསྒྲུབ་པ།ལྷག་པར་སྔོན་གྱི་རིག་གཞུང་དང་ལེགས་བྱང་བཟང་པོ་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་བ་སོགས་ལམ་སྟོན་གནང་གི་འདུག
གཞན་ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མདོ་རྒྱུད་བསྟན་བཅོས་མང་པོའི་ནང་། འཕགས་པ་སྤྱན་རས་གཟིགས་གངས་ཅན་གྱི་ལྷ་བསྐལ་ཡིན་པ་ཡང་ཡང་གསུང་གི་ཡོད་པ་དང་། དེང་སང་བོད་ཟེར་བ་དེ་ཆབ་སྲིད་ཀྱི་ཆ་ནས་ལུང་པ་གང་འཚམ་ཆུང་ཆུང་ཞིག་ཆགས་ཡོད་ནའང་། གངས་ཅན་གྱི་ལྗོངས་ཟེར་བ་དེ་དེང་སང་རྒྱལ་ཁབ་ལྔ་དྲུག་ཅིག་གི་ནང་ཁྱབ་བསྡད་པ་ཚོ་ནི། གང་ལྟར་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བརྟེན་པའི་ངག་གི་སྐད་དེ་རང་གི་དེང་སང་ཡོངས་གྲགས་ཀྱི་མ་སྐད་ཡིན་པ། དེ་ཚོ་ཚང་མ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་དང་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་སོགས་ལམ་སྟོན་གནང་གི་འདུག
རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་མོན་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་མོས་ཀྱིས་མཚོན། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་སྤྱི་དང་འདྲ་བར་བོད་ལ་ཆོས་དང་རིག་གཞུང་གི་འབྲེལ་ལམ་ཆེན་པོ་ཡོད་པས། མོན་ཡུལ་གྱི་སེར་སྐྱ་མི་མང་སྤྱི་མགྲིན་ནས་གསོལ་འདེབས་ཞལ་བཞེས་ཐོབ་པ་ལྟར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་གཙོས་པའི་མོན་གྱི་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནས། ཕྱི་ཟླ་༩ པའི་ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།