བསམ་གྲུབ་རྒྱ་མཚོ་བཙོན་གྲོལ་བཏང་ནས་ཁྱིམ་ལ་བསྐྱལ་འདུག
2015.05.05
རྒྱ་ནག་གིས་མི་ལོ་ལྔ་བཙོན་བཅུག་ཁྲིམས་ཐག་བཅད་པའི་བསམ་འགྲུབ་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ལྷ་སར་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་རྗེས་མི་ལོ་ལྔ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བསམ་འགྲུབ་རྒྱ་མཚོ་ལགས་ཕྱི་ཟླ་ལྔ་པའི་ཚེས༡ཉིན་བཙོན་གྲོལ་བྱུང་བ་དང་། རྫོང་གི་ཉེན་རྟོག་པས་གསང་སྟབས་ཀྱིས་སྤྱི་ཚེས་༣ཉིན་ཕྱིར་ཕ་ཡུལ་རང་ཁྱིམ་དུ་བསྐྱལ་ཡོད་འདུག
གནས་ཚུལ་འདིའི་ཐད་བརྒྱུད་མངའ་ཡོད་པ་ཕྱི་སྡོད་བོད་མི་ཕུན་ཚོགས་ཀྱིས་བརྗོད་དོན། བསམ་འགྲུབ་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༢༠༡༠ལོའི་ཟླ་༥ཚེས་༡ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་དོན་ཞི་བའི་སྐད་འབོད་བྱས་རྗེས། རྒྱ་ནག་གི་ཉེན་རྟོག་མི་སྣ་བདུན་ཙམ་འབྱོར་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནས་མི་ལོ་གཉིས་ཙམ་རིང་ཁོང་གི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་ལུས་ཤིང་། རྗེས་སུ་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་འཁུར་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
དེང་སྐབས་བོད་མི་སྲིད་དོན་བཙོན་པ་མང་པོ་ཞིག་བཙོན་ནས་གློད་གྲོལ་སྐབས་ས་གནས་མང་ཚོགས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་བྱེད་པའི་སྲོལ་ལུགས་ཤིག་ཤུགས་ཆེ་དར་བཞིན་ཡོད་ན་ཡང་། བསམ་འགྲུབ་རྒྱ་མཚོ་ལགས་ལ་ཕེབས་བསུའི་སྣེ་ལེན་བྱས་པའི་གནས་ཚུལ་མ་བྱུང་བ་དེ་ནི་ཁོང་ཕྱི་ཟླ་༥ཚེས་༡ཉིན་བཙོན་གྲོལ་བྱུང་སྟེ་ཕ་ཡུལ་དུ་རྫོང་གི་ཉེན་རྟོག་པས་གསང་བའི་ཐོག་བསྐྱལ་པར་བརྟེན་ས་གནས་བོད་མི་ཚོས་གནས་ཚུལ་ཤེས་རྟོགས་མ་བྱུང་བའི་སྟབས་ཀྱིས་ཡིན་འདུག འོན་ཀྱང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཕར་བལྟས་ན་ཡག་པོ་ཡོད་པ་གོང་གི་འབྲེལ་ཡོད་མི་སྣ་དེས་གསུངས་ཡོད་པ་རེད།
བསམ་འགྲུབ་རྒྱ་མཚོ་ལགས་ནི་ཕྱི་ལོ་༡༩༨༢ལོར་མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་ཐང་གྲོང་བརྡལ་སུ་སྐྱེས་པ་དང་། ཁོང་༢༠༠༧ལོར་རྒྱ་གར་ལ་བསྐྱོད་རྗེས་༢༠༠༩ལོར་ཕྱིར་ཕ་ཡུལ་ལ་ལོག་ཡོད་ཀྱང་སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་རྒྱ་གར་ལ་བྲོས་བྱོལ་བྱས་བ་དང་། ༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་དཔེ་དེབ་བོད་ནང་འཁྱེར་ཡོང་བ་སོགས་ཀྱི་ཉེས་མིང་འོག་ཟླ་༧ཙམ་རིང་བཙོན་འཇུག་བྱས་འདུག་ཅིང་། རྗེས་སུ་ཕ་ཡུལ་མདའ་བཞི་རྫོང་དུ་ཉིན་གསུམ་རིང་བཀག་གཉར་དང་འདྲི་གཅོད་བྱས་རྗེས་ཉེ་འབྲེལ་ནང་མི་རྣམས་ཀྱིས་སྤྱི་བདེ་ལས་ཁུངས་ལ་རྒྱ་སྒོར་ཆིག་ཁྲི་ཙམ་གྱི་ཉེས་ཆད་མཇལ་བ་དང་། ཕྱིས་སུ་རྒྱ་གར་ལ་བྲོས་བྱོལ་མི་བྱེད་པའི་ཁས་ལེན་བྱེད་ཏུ་བཅུག་ནས་གློད་གྲོལ་བཏང་པ་ཡིན་པ་རེད་འདུག
གསར་འགོད་པ་ཀླུ་འབུམ་དང་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།