སམ་སུང་ངམ་སྐར་གསུམ་ཁ་པར་ཐོན་རྫས་གསར་ཤོས་མཚམས་འཇོག
2016.10.11
སམ་སུང་ངམ་སྐར་གསུམ་ཁེ་གཉེར་ལས་ཁང་གིས་Samsung Note7་རྟགས་ཅན་གྱི་ཁ་པར་ཚོང་བསྒྱུར་མཚམས་འཇོག་བྱས་འདུག
འདས་པའི་ཟླ་བ་འགའ་ཤས་རིང་སམ་སུང་ངམ་སྐར་གསུམ་Samsung་འཕྲུལ་རིག་བཟོ་ཚོང་ལས་ཁང་གིས་བཟོས་པའི་ཁ་པར་ཐོན་གསར་ཤོས་Samsung Note7་རྟགས་ཅན་གྱི་གློག་རྫས་འབར་འཐོར་གྱི་གནས་ཚུལ་རིམ་པ་བྱུང་རྗེས། དེ་རིང་ཚེས་༡༡་གཟའ་མིག་དམར་ཉིན་སྐར་གསུམ་ཁེ་གཉེར་ལས་ཁང་གིས་Samsung Note7་རྟགས་ཅན་གྱི་ཁ་པར་ཚོང་བསྒྱུར་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱས་འདུག།
སྐར་གསུམ་ Samsung་ཁེ་གཉེར་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཁ་པར་ལོངས་སུ་སྤྱོད་པ་པོ་ཚོའི་བདེ་འཇགས་ནི་ང་ཚོས་གལ་འགངས་ཆེ་ཤོས་སུ་ངོས་འཛིན་གྱི་ཡོད་པས། ཁ་པར་དེ་ཉོས་ཟིན་པའི་མི་ཚོས་ཁ་པར་དེ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཡང་བྱས་འདུག་ཅིང་། དེ་མ་ཐག་སྐར་གསུམ་ཁེ་གཉེར་ལས་ཁང་གི་མ་གཤེར་ཁྲོམ་རྭའི་ནང་གི་རིན་གོང་ཚད་མཐོ་པོའི་ཐོག་ནས་མར་ཟག་འདུག།
སྐར་གསུམ་Note 7་རྟགས་ཅན་གྱི་ཁ་པར་ནང་གི་གློག་རྫས་སྐྱོན་ཆ་ཅན་དེ་འབར་འཐོར་ཡོང་གི་ཡོད་པའི་གནས་ཚུལ་རིམ་པ་ཐོན་རྗེས། སྐར་གསུམ་ཁེ་གཉེར་ལས་ཁང་གིས་ཚོང་བསྒྱུར་ཟིན་པའི་ཁ་པར་བརྗེ་ལེན་ནམ། ཡང་ན་གློག་རྫས་སྐྱོན་ཆ་ཅན་དེ་དག་བརྗེ་བསྒྱུར་བྱེད་པའི་ཐབས་ལམ་འཚལ་ཡོད། འོན་ཀྱང་བརྗེ་བསྒྱུར་ཟིན་པའི་གློག་རྫས་དེ་དག་ལ་ཡང་འབར་ཐོར་གྱི་གནས་ཚུལ་བྱུང་བར་བརྟེན། མཐར་དེ་རིང་གཟའ་མིག་དམར་ཉིན་Samsung Note 7་རྟགས་ཅན་གྱི་ཁ་པར་བཟོ་བསྐྲུན་ཡོངས་སུ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་འདུག།
འཛམ་གླིང་ནང་ལག་ཐོག་ཁ་པར་བཟོ་བསྐྲུན་བྱ་མཁན་གྱི་ཁེ་གཉེར་ལས་ཁང་ཁག་གི་དབར་འགྲན་བསྡུར་ཧ་ཅང་གི་ཆེན་པོ་ཡོད་ཅིང་། ལྷག་པར་དུ་སྐར་གསུམ་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དབར་འགྲན་བསྡུར་ཧ་ཅང་ཆེན་པོ་ཡོད་པ་རེད།
སྐར་གསུམ་Samsung Note 7་ཉོས་ཟིན་པའི་མི་ཚོས་རིན་མེད་ཀྱི་ཐོག་ནས་སྐར་གསུམ་ Note 7s་སམ། ཡང་ན་དེ་མིན་གྱི་སམ་སུང་གྱིས་བཟོས་པའི་ཐོན་རྫས་བླངས་ཆོག་རྒྱུའི་གསལ་བསྒྲགས་བྱས་འདུག།
སམ་སུང་ངམ་སྐར་གསུམ་མཁེ་གཉེར་ལས་ཁང་གིས་ལག་ཐོག་ཁ་པར་སམ་སུང་Note 7་བཟོ་བསྐྲུན་དང་ཚོང་བསྒྱུར་ཐག་གཅོད་བྱས་པ་དེའི་རྐྱེན་གྱིས། ཁེ་གཉེར་ལས་ཁང་དེར་ཨ་སྒོར་ཐེར་འབུམ་བཅུ་ཙམ་གྱི་གྱོང་གུན་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།