ཨ་རིའི་ཕྱི་སྲིད་དྲུང་ཆེ་སྦིལིང་ཀེན་མཆོག་གིས་སོག་ཡུལ་གྱི་སྲིད་བློན་དང་མཇལ་འཕྲད་གནང་པ།
ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་དང་སོག་ཡུལ་གྱི་སྲིད་བློན་ Oyun-Erdene Luvsannamsrain རྣམ་གཉིས་ཀྱི་དབར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་ཟླ་ ༨ ཚེས་ ༤ ཉིན་མཇལ་ཕྲད་གནང་སྟེ། ཨ་རི་དང་སོག་ཡུལ་གྱི་དཔལ་འབྱོར་གྱི་འབྲེལ་བ་དེ་ཡུལ་གཉིས་ཀྱི་ Economic Cooperation Roadmap ཞེས་དཔལ་འབྱོར་མཉམ་འབྲེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་སླར་གསོ་གནང་རྒྱུ་དང་དེ་ཡང་དེང་རབས་དང་མཐུན་པ་ཞིག་བཟོ་རྒྱུའི་ཐད་མོས་མཐུན་བྱུང་ཡོད་འདུག
ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། སོག་ཡུལ་གྱི་དཔལ་འབྱོར་དེ་རྒྱུན་གནས་ཐུབ་ཐབས་ཀྱི་ཐད་ལས་དོན་གོང་སྤེལ་གཏོང་རྒྱུ་དང་། བཟའ་འབྲུ་སྲུང་སྐྱོབས་དང་གློག་ཤུགས་ནུས་པ་འཕེལ་རྒྱས་གཏོང་རྒྱུ། དྲྭ་རྒྱའི་ཐོག་ནས་ཚོང་དོན་དཔལ་འབྱོར་གྱི་འགྲོ་རྒྱུགས་འཕེལ་རྒྱས་གཏོང་ཐབས། གནད་འགག་ཆེ་བའི་གཏེར་དངོས་མཁོ་འདོན་འཕེལ་རྒྱས་གཏོང་ཐབས། འབགས་བཙོག་ཉུང་བའི་ནུས་ཤུགས་འདོན་སྤེལ་བྱེད་པའི་ལམ་ལུགས་ལ་ཁ་བསྒྱུར་བྱ་ཐབས་བཅས་ཀྱི་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mathew Miller གྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་གསལ་བཤད་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་། ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་དང་སོག་ཡུལ་གྱི་སྲིད་བློན་རྣམ་གཉིས་ཀྱིས་ Open Skies ཞེས་པའི་གྲོས་མཐུན་ཞིག་སྣོལ་འཇོག་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་དབར་དཔལ་འབྱོར་དང་ཚོང་འབྲེལ་རྒྱ་སྐྱེད་ཤུགས་ཆེར་གཏོང་བ་དང་མཉམ་རྒྱལ་ཁབ་གཉིས་ཀྱི་མི་མང་དབར་གྱི་མི་དང་མིའི་འབྲེལ་བ་དེ་རྒྱ་སྐྱེད་གཏོང་རྒྱུ་དང་། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བརྒྱུད་ནས་མཁའ་འགྲུལ་ཚོང་འབྲེལ་གྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཙམ་མ་ཟད། འགྲིམས་འགྲུལ་ལས་ཁང་ཁག་དང་མང་ཚོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཐུབ་རྒྱུ་ཡིན་པ་གསལ་བཤད་གནང་འདུག་ལ། རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་རྣམ་གཉིས་ཀྱིས་མང་གཙོའི་ལྟ་གྲུབ་མ་ལག་བཅས་པ་དར་སྤེལ་གཏོང་རྒྱུའི་གལ་གནད་དང་གཞི་རྩའི་རང་དབང་ཁག་སྲུང་སྐྱོབས་བྱ་རྒྱུ། དེ་བཞིན་ཨེ་ཤེ་ཡའི་མངའ་ཁུལ་དང་འཛམ་གླིང་ཐོག་གི་སྲུང་སྐྱོབས་ཀྱི་གནད་དོན་ཁག་གི་ཐོག་ཕན་ཐོག་འབྱུང་བའི་མཉམ་ལས་གནང་རྒྱུའི་ཐོག་གྲོས་མོལ་བྱུང་ཡོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།