བྱང་ཀོ་རི་ཡའི་མེ་ཤུགས་འཕུལ་མདེལ་ལམ་ལྷོངས་མ་བྱུང་བ།
2012.04.15
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཀོ་རི་ཡ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་བྱང་ཀོ་རི་ཡའི་སྲིད་དབང་མི་ལོ་བཞི་ཅུ་ཞེ་དྲུག་དབང་བསྒྱུར་བྱེད་མཁན་ཀིམ་ཨིལ་སུང་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་དུས་ཆེན་དམག་མིའི་རུ་སྒྲིག་གི་མཛད་སྒོ་ཚོགས་ཡོད་པ་མ་ཟད། ཀིམ་ཨིལ་སུང་གི་ཚ་བོ་ད་ལྟའི་བྱང་ཀོ་རི་ཡའི་དབུ་ཁྲིད་གསར་པ་ཀིམ་ཇོང་ཨུན་གྱིས་མཛད་སྒོ་དེའི་ཐོག་མི་དམངས་ལ་ཐེངས་དང་པོ་གཏམ་བཤད་སྒྲོག་སྦྱང་བྱས་པ་མ་ཟད། རེས་གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་འདེལ་ཚོད་ལྟ་བྱས་པ་ལམ་ལྷོངས་བྱུང་མིན་ལ་མ་ལྟོས་པར། དམག་དོན་སྲིད་ཇུས་ནི་རྒྱལ་ཁབ་ཀྱི་ལས་དོན་གཙོ་གནད་དུ་མུ་མཐུད་འཇོག་རྒྱུ་ཡིན་པ་སོགས་བཤད་ཡོད་པ་རེད།
དེ་ཡང་དམག་མིའི་རུ་སྒྲིག་གི་མཛད་སྒོ་དེ་ནི་དེ་རིང་སྔ་དྲོའི་ཚོུད་༡༠ པའི་ཐོག་བྱང་ཀོ་རི་ཡའི་རྒྱལ་ས་པིཡོང་ཡེང་གི་ཐང་ཆེན་ཐོག་འགོ་བཙུགས་པ་དང༌། དམག་མིའི་རུ་སྒྲིག་མ་བཏང་བའི་སྔོན་དེར་ཀིམ་ཇོང་ཨུན་གྱིས་མི་དམངས་འདུ་འཛོམས་ཐོག་ལ་ཁོང་གི་མེས་པོ་ཀིམ་ཨིལ་སུང་ལ་བསྔགས་བརྗོད་ཀྱི་གཏམ་བཤད་བྱས་ཡོད་ཡོད་ཅིང༌། ཁོང་གི་མེས་པོ་དམ་པ་ཀིམ་ཨིལ་སུང་དང་ཁོང་གི་ཕ་དམ་པ་ཀིམ་ཇོང་ཨིལ་གཉིས་ཀྱིས། སོ་སོར་ཡིད་ཆེས་དང༌། དམག་དོན་གྱི་གོང་རིམ། སྤྱི་ཚོགས་རིང་ལུགས། འོད་སྟོང་འབར་བའི་ལམ་བུ་གསར་བསྟོད་ཀྱི་ལམ་སྟོན་བྱས་པ་དེའི་ཐོག་མུ་མཐུད་ཤར་བསྐྱོད་བྱས་ཏེ། མཐའ་མའི་རྒྱལ་ཁའི་བར་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་དང༌། མཐའ་མའི་གསུང་བཤད་མཇུག་སྒྲིལ་བའི་སྐབས། མི་དམངས་ཚོས་རྒྱལ་ཁའི་མདུན་བསྐྱོད་ལ་རྒྱབ་སྐྱོར་བྱ་དགོས་པའི་བློ་སྟོབས་སྤེལ་ཏེ། མི་དམངས་ཚོས་ཀྱང་དགའ་བསུའི་ཐལ་སྒྲ་སྒྲོག་ཡོད་པ་རེད། དེ་རྗེས་དམག་དཔུང་དང༌། གོ་མཚོན། མོ་ཊ་སོགས་རུ་སྒྲིག་གི་མཛད་སྒོ་འགོ་བཙུགས་ཡོད་པ་དང༌། རུ་སྒྲིག་དེའི་ནང་མེ་ཤུགས་འཕུར་མདེལ་གཤམ་སྟོན་བྱས་པ་དེ་ནི་ཐེངས་དང་པོ་དམངས་ཁྲོད་དུ་བཏོན་པ་ཞིག་ཡིན་པ་དང༌། གནས་ཚུལ་དབྱེ་ཞིབ་པ་ཚོས། མེ་ཤུགས་འཕུར་མདེལ་དེ་ནི་གཞན་གྱི་གོ་མཚོིན་གྱི་གཏོར་རྒོལ་ལས་ཁ་གཏད་བཅོག་མཁན་གྱི་གཏོར་ཚབས་ཅན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་རིང་བྱང་ཀོ་རི་ཡས་རྒྱལ་ཁབ་གསར་འཛུགས་གནང་མཁན་ཀིམ་ཨིལ་སུང་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་གྱི་མཛད་སྒོ་ཚོགས་པ་དེ་ནི། དབུལ་ཞིང་ཕོངས་པའི་བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་སྙན་གྲགས་འཕེལ་ཐབས་བྱས་པ་ཞིག་དང༌། ལྷག་དོན་དགུང་གྲངས་ཉི་ཤུ་རྩ་གྲངས་ཡིན་པའི་དབུ་ཁྲིད་གསར་པ་ཀིམ་ཇོང་ཨུན་ལ་རྒྱབ་སྐྱོར་དང་གུས་བརྩི་ཆེན་པོ་ཡོད་པའི་རྣམ་འགྱུར་སྟོན་ཐབས་བྱས་པ་ཞིག་ཡིན་པ་རེད།།