སངས་རྒྱས་མཚོ་ཡིས་ཅོ་ནེ་ནས་རང་ལུས་མེར་བསྲེགས་གནང་འདུག
2015.05.27

མདོ་སྨད་ཅོ་ནེ་ཕྱོཊ་ནས་སངས་རྒྱས་མཚོ་ཡིས་རང་ལུས་མེར་བསྲེཊ་གནང་ཡོད་པ་དང་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་༡༤༡ཟིན་འདུག
དེ་ཡང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྤྱི་ལོ་༢༠༡༥ཟླ་༥ཚེས༢༧ཉིན་གྱི་སྔ་དྲོར། མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཁོངས་ཀྱི་ཅོ་ནེ་བཀྲིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་ས་གནས་རྒྱ་ནག་གི་ལས་དོན་རུ་ཁག་གི་ལས་ཁུངས་མདུན། བུད་མེད་སངས་རྒྱས་མཚོ་ཡིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་ནི་ཚེས༢༧ཉིན་གྱི་སྔ་དྲོ་བོད་ནང་གི་ཚོུད་༤ཙམ་ལ་ཡིན་འདུག འབྲེལ་ཡོད་མི་སྣས་བརྗོད་དོན། ཀན་ལྷོ་ཅོ་ནེ་ཆོས་དཔལ་ཤང་བཀྲིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པ་དང་། དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་ས་ཡོད་པ་བརྗོད་ཡོད།
དེའི་ཐད་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན། སངས་རྒྱས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་འཕྲལ་རྒྱ་གཞུང་གི་ཉེན་རྟོག་པས་ཁོ་མོའི་ཕུང་པོ་གཙོད་གྲོང་ཁྱེར་དུ་འཁྱེར་ཡོད་པ་དང་། དེ་བཞིན་ས་གནས་ཉེན་རྟོག་པ་མང་པོ་དམ་པ་དེའི་ནང་དུ་ཡོང་ནས་ནང་མི་ཚོར་འདྲི་ཞིབ་དང་། འགྲོ་འོང་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པ་འཁོད་འདུག
རྗེས་ཕྱོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་དཀའ་བ་དང་། ལྷག་པར་སངས་རྒྱས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་སྐད་འབོད་གང་འདྲ་རྒྱབ་ཡོད་མེད་དང་། དགོས་འདུན་གང་འདྲ་བཏོན་ཡོད་སོགས་རང་ལུས་མེར་བསྲེགས་གཏོང་སྐབས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་དཀའ་བར་ཡོད་ཀྱང་༢༠༠༨ལོའི་བོད་མི་ཚོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་བསྐྱེད་གཏན་འཇགས་ཚུགས་པའི་རྒྱ་ནག་གཞུང་གི་ལས་ཁུངས་དེའི་འགྲམ་ལ་རང་ལུས་མེར་བསྲེགས་གནང་བ་དེ་ནི་ཆབ་སྲིད་ཀྱི་ངོ་རྒོལ་རྣམ་འགྱུར་ཆེན་པོ་ཞིག་ཡིན་པ་འབྲེལ་ཡོད་མི་སྣས་བརྗོད་འདུག
སངས་རྒྱས་མཚོ་ལགས་ནི་ད་ལྟ་རང་ལོ་༣༦ཙམ་ཡིན་ཞིང་། ཁོང་གི་བཟའ་ཟླ་རྟ་མགྲིན་དབང་རྒྱལ་དང་ཁོང་གཉིས་ལ་བུ་ཞིག་དང་། བོུ་ཞིག་བཅས་ཕྲུ་གུ་གཉིས་ཡོད་པར་ཀན་ལྷོ་འམ་མདོ་ལྷོ་ཅོ་ནེ་ཆོས་དཔལ་ཞིང་རྨེ་རུ་སྲིབ་པ་སྡེ་བའི་ཡིན་འདུག
སངས་རྒྱས་མཚོ་ལགས་བརྩིས་བས་ད་བར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་བོད་མི་མི་གྲངས་༡༤༡བྱུང་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་འདིའི་ཐད་གནས་ཚུལ་རྩད་ཞིབ་བྱེད་བཞིན་པ་ཡིན།
གསར་འགོད་པ་ཚེ་དབང་དངོས་གྲུབ་དང་ཀླུ་འབུམ།
དབུས་བོད་མིའི་སྒྲིག་འཛུགས་ནས་ཉེ་ཆར་རང་ལུས་མེ་སྲེག་བཏང་མཁན་གཉིས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོལ་ལམ་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་བློ་བྷེ།