ཨ་རྒྱ་གཉིས་གྱིས་བོད་ནང་གི་རང་སྲེག་སྐོར་གླེང་འདུག།
2012.07.24
བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཉིན་གཉིས་ཀྱི་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་ལོ་འཁོར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་འདུ་དེའི་ཨ་མི་རི་ཀའི་སྐུ་ཚབ་གི་སྣེ་འཁྲིད་པ་ཕྱི་འབྲེལ་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Micheal Posner ཡིན་ཞིང༌། ཡང་རྒྱ་ནག་གི་ངོས་ནས་རྒྱ་ནག་རྒྱལ་སྤྱིའི་ཚོགས་འདུའི་གོ་སྒྲིག་སྡེ་ཚན་གྱི་འགན་འཛིན་ Chen Xu ་ཡིན་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་དང་བོད་མིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་དང་བྱེད་བཞིན་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན་གནས་སྟངས་དེ་བས་ཛ་དྲག་ཏུ་ཕྱིན་ཏེ་རང་ལུས་མེར་སྲེག་ལྟ་བུའི་ལས་འགུལ་ད་དུང་ཇེ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད་འདུག་ཅིང༌། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ Victoria Nuland གྱིས་གསར་འགོད་པ་ཚོར་ ཨ་མི་རི་ཀའི་ངོས་ནས་སྲིད་འཛིན་གྱི་རིམ་པའམ་ ཡང་ན་བློན་ཆེན་གྱི་རིམ་པ་ ལས་དོན་ཚོགས་ཆུང་གི་རིམ་པ་གང་འདྲ་ཞིག་གི་སྐབས་ལ་ཡིན་ན་ཡང་ རྒྱ་ནག་གཞུང་ལ་སྲིད་དོན་གྱི་བཙོན་པ་བྱེ་བྲག་པའི་གནད་དོན་ཙམ་མིན་པར། རྒྱ་ནག་ནང་གི་ཁྲིམས་ལུགས་ཀྱི་གནད་དོན་དང་སྤྱི་དམངས་དྲང་བདེན་བོད་སོགས་ཀྱི་སྐོར་གླེང་སློང་བྱེད་ཀྱི་ཡོད་པར་བརྟེན་ཡུལ་གྲུ་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་འདི་ནི་གནད་དོན་མང་དག་ཅིག་གི་ཐོག་ཕན་ཚུན་ཐད་ཀར་གྱི་གྲོས་མོལ་བྱ་རྒྱུའི་གླེང་སྟེགས་གལ་ཆེ་ཞིག་ཡིན་པ་གསུངས་འདུག།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་ཨ་མི་རི་ཀའི་སྲིད་གཞུང་དང་གྲོས་ཚོགས་ནང་བོད་དོན་ཐད་ཞུ་གཏུགས་གནང་མཁན་གྱི་སྒྲིག་འཛུགས་གཙོ་བོ་དེ་ཡིན་ཞིང༌། ལས་འགུལ་ཁང་དེའི་ཚོགས་གཙོ་ལྕམ་མེ་རི་བྷེཐ་མར་ཀིས་ཨ་མི་རི་ཀའི་ངོས་ནས་ཐེངས་འདིའི་ཡུལ་གྲུ་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་ཐེར་འདོན་བྱེད་ཤུགས་ཆུང་དྲགས་རྒྱུ་མེད་པ་གསུངས་འདུག།