བཀྲ་བྷེ་ལཊ་སུ་བཙོན་ཁང་ནང་ཉེས་ཆད་འཕར་མ་ཞིག་བཏང་འདུག
2016.09.09
བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་བཀྲ་བྷེ་ལགས་བཙོན་ཁང་ནང་ཉེས་ཆད་འཕར་མ་ཞིག་བཏང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་སྤྱི་ཟླ་༨་པའི་ཚེས་༢༠་ཉིན་བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་བློ་བཟང་བཀྲ་ཤིས་སམ་བཀྲ་བྷེ་ལགས་ཀྱིས། བཙོན་ཁང་ནང་གི་སྒྲིག་ཁྲིམས་ལ་མ་རྩིས་བའི་རྐྱེན་གྱིས་ཉེས་ཆད་འཕར་མ་ཞིག་བཏང་ནས་བཙོན་ཁང་གི་མུན་ནག་ཁང་ཆུང་ནང་དུ་གཅིག་པོར་ཟུར་བཀག་བྱས་འདུག།
བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། བཙོན་ཁང་ནང་བཙོན་པ་ཚོས་ཉིན་ལྟར་བརྙན་འཕྲིན་བརྒྱུད་རྒྱ་ནག་གི་དྲིལ་བསྒྲགས་གསར་འགྱུར་ལས་རིམ་ལ་བལྟ་བའི་དུས་ཚོད་གཏན་འཁེལ་ཡོད་ཀྱང་། ཉིན་དེར་བཀྲ་བྷེ་ལགས་ཀྱིས་དུས་ཚོད་མ་ཟིན་གོང་ཚོགས་ཁང་ནང་བརྙན་འཕྲིན་བལྟས་ནས་བསྡད་སྐབས། བཙོན་སྲུང་བས་གསར་འགྱུར་བལྟ་བའི་དུས་ཚོད་ཡིན་པས་བརྙན་འཕྲིན་བལྟ་མི་ཆོག་ཚུལ་བཤད་འདུག བཀྲ་བྷེ་ལགས་ཀྱིས་གསར་འགྱུར་བལྟ་བར་ད་དུང་དུས་ཚོད་ཟིན་མེད་པས་ཅུང་ཙམ་བརྙན་འཕྲིན་ལ་བལྟ་བར་འཇུག་རོགས་བརྗོད་པར་བཙོན་སྲུང་བ་ཚོས་བདེ་ཐང་མེད་པའི་བཀྲ་བྷེ་ལགས་ཕུད་རྒྱག་བཏང་འདུག དེ་ནས་བཙོན་གྲོགས་དཀོན་མཆོག་བློ་གྲོས་ལགས་ཀྱིས་སེམས་ཀྱིས་མ་བཟོད་པར་བར་འདུམ་བྱས་སྐབས་བཙོན་སྲུང་བས་ཉེན་རྟོག་དམག་མི་སྐད་བཏང་ནས་ཁོ་གཉིས་བཙོན་ཁང་གི་ཟུར་བཀག་ཁང་ཆུང་ནང་གཅིག་པོར་རྐང་ལྕགས་དང་ལག་ལྕགས་རྒྱབ་ནས་ཟླ་ངོ་གསུམ་རིང་གི་ཉེས་ཆད་འཕར་མ་བཏང་འདུག
གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བཙོན་ཁང་ནང་དུ་བཙོན་སྲུང་བ་དང་ཉེན་རྟོག་པས་བོད་མི་དང་རྒྱ་མི་རིགས་བར་དབྱེ་འབྱེད་ཤུགས་ཆེན་བྱེད་པ་དང་། གནས་སྟངས་དེའི་འོག་བོད་མི་དང་ལྷག་དོན་བོད་མི་ཆབ་སྲིད་བཙོན་པ་ཚོར་གོང་བརྗོད་ལྟར་གནད་དོན་ཆུང་ཚགས་ནས་ཉེས་ཆད་ལྗིད་མོ་གཅོད་པ་མ་ཟད། ཐ་ན་ཟ་མ་སྤྲོད་ཕྱོགས་དང་ཕྱི་མིར་ཐུག་རྒྱུ་སོགས་ཀྱི་ཐད་ནས་དབྱེ་འབྱེད་ཀྱིས་དཀའ་ངལ་འཕྲད་བཞིན་པ་ངོ་སྤྲོད་གནང་བྱུང་།
བཀྲ་བྷེ་ལགས་ནི་བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་ཡིན་པར་སྤྱི་ལོ་༢༠༠༩་ཟླ་༢་ཚེས་༢༧་ཉིན་རྔ་བ་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་རྫོང་ཐོག་ལ་འགྲོ་སའི་ལམ་ཆེན་ནས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་གི་དཀྱིལ་༧གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་བཟུང་ནས་སྐད་འབོད་བྱེད་བཞིན་ཁྲོམ་གཞུང་དུ་སྐུ་ལུས་མེ་བསྲེགས་བཏང་ཡོད་ལ་དེ་ནས་ད་བར་བོད་ནང་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་སྐྱ་སེར་ཕོ་མོ་བསྡོམས་མི་གྲངས་༡༤༥་བྱུང་ཡོད།
བཀྲ་བྷེ་ལགས་མདོ་སྨད་རྔ་བ་ཀིརྟི་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་དང་། ད་སྐབས་རྒྱ་ནག་ཟི་ཁྲོན་ཏཱ་ཡེང་ཞེས་བའི་ས་གནས་ཀྱི་བཙོན་ཁང་ནང་ཡོད་པ་རེད་འདུག
གསར་འགོད་པ་ཀླུ་འབུམ།