ཨ་རིའི་གྲོས་ཚོགས་ནང་བོད་མི་རང་ལུས་མེར་སྲེག་ཐོག་གླེང་།
2012.08.24
༄༅། །དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཁྱབ་ཁོངས་རྒྱ་ནག་དང་འབྲེལ་བའི་ཚོགས་ཆུང་ནས་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་སྙན་གསེང་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༢༠༡༡ ནས་ད་བར་བོད་ནང་གི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་སོང་ཡོད་པས་མ་ཟད། ས་ཆའི་ཁྱབ་ཚད་ཀྱང་ཆེ་རུ་ཕྱིན་ཡོད་སྐོར་གསུངས་འདུག ཚོགས་ཆུང་དེས་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། རྒྱ་ནག་གཞུང་ནས་ཁྲིམས་ལུགས་བེད་སྤྱོད་ལོག་པ་བཏང་སྟེ་བོད་ཀྱི་རིག་གཞུང་རྩ་གཏོར་བཏང་དང་གཏོང་མུས་ཡིན་པས་མ་ཟད། བོད་མི་རིགས་ལ་མནར་གཅོད་དང་དམ་དྲག་སོགས་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྷག་པར་བོད་རྒྱ་གྲོས་མོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སོན་མེད་པར་བརྟེན་ནས་བྱུང་བ་ཞིག་ཡིན། དེ་བཞིན་ད་བར་རྒྱ་ནག་གཞུང་ནས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བཟུང་སྟབས། བོད་མིས་མི་འདོད་པའི་སྒོ་ནས་རྣམ་པ་འདྲ་མིན་གྱི་ཞི་རྒོལ་ལས་འགུལ་སྤེལ་མུས་ཡིནའང། རྒྱ་ནག་གཞུང་ནས་སྲིད་བྱུས་དེར་བསྒྱུར་བཅོས་གཏོང་རྒྱུ་ལས་ལྡོག་སྟེ། བོད་མིའི་ལས་འགུལ་ལ་སྙད་འདོགས་འདྲ་མིན་བྱེད་བཞིན་ཡོད་སྐོར་གསུངས་ཡོད།