བོད་མི་༥༡་ནས་རང་ལུས་མེར་སྲེག་བཏང་།
2012.08.30
༄༅། །བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་བརྒལ་བས་ཉེ་ཆར་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྐལ་བཟང་དང་། མི་སྐྱ་དམ་ཆོས་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་བསྐོར་གྱི་ལས་འགུལ་ཞིག་ཚེས་༢༨ཉིན་གྱི་དགོང་མོ་བཞུགས་སྒར་རྡ་རམ་སར་སྤེལ་ཡོད་པ་རེད། བཙན་འབྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྣེ་འཁྲིད་པའི་ལས་འགུལ་དེ་བཞིན་བཞུགས་སྒར་མེཀ་ལོཌ་ནས་དཔའ་བོའི་་དྲན་རྟེན་གྱི་རྡོ་རིང་བར་དུ་ལག་དུ་བོད་ཀྱི་རྒྱལ་དར་དང་། རང་ལུས་མེ་སྲེག་གི་འདས་པོ་དག་གི་སྐུ་དཔར་འཁུར་ཞིང་། བྱང་ཆུབ་སེམས་མཆོག་འདོན་ནས་གོམ་བགྲོད་དེ་གནང་ཡོད་པ་རེད། དེ་བཞིན་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པ་ཡང་བོད་མི་སེར་སྐྱ་ཕོ་མོ་ ༥༡ གིས་ལག་ཏུ་ཁོང་ཚོའི་སྐུ་དཔར་རེ་བཟུང་སྟེ། མེག་ལོཌ་རླངས་འཁོར་འབབ་ཚུགས་ཀྱི་སྲང་ལམ་ནས་ལུས་གན་རྐྱལ་དུ་ཉལ་ཏེ། འདས་པོ་ཚོར་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་བསྟན་ཡོད་པ་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཁ་ཆེམས་སྒྲོག་སྦྱང་གནང་བ་སོགས་ཀྱི་ལས་འགུལ་སྤེལ་འདུག