བལ་ཡུལ་ཤར་པ་ཞིག་གིས་ཇོ་མོ་གླང་མར་ཐེངས་༡༨འཛེགས་པ།
2008.05.23
༄༅༎བལ་ཡུལ་གྱི་ཤར་པ་རི་འཛེགས་སྣེ་ཤན་པ་ཞིག་གིས་རེས་གཟའ་ཕུར་བུའི་ཉིན་ཇོ་མོ་གླང་མའི་རི་རྩེར་ཐེངས་༡༨ པ་དེ་འཛེགས་ཐུབ་པའི་ཟིན་ཐོ་བཀོད་ཐུབ་པ་བྱུང་ཡོད་པ་རེད།
དེ་ཡང་བལ་ཡུལ་གྱི་རི་འཛེགས་མཉམ་འབྲེལ་ཚོགས་པའི་ཨང་ཚེ་རིང་ལགས་ཀྱིས་གསུང་པར། ལོ་༤༢ ཡིན་པའི་ཤར་པ་ཨ་པ་ཞུ་བས་རེས་གཟའ་ཕུར་བུའི་སྔ་དྲོ་ཁོང་རི་འཛེགས་རུ་ཁག་གི་མི་སྣ་ཁག་ཅིག་གི་ལྷན་དུ་མཐོ་ཚད་མི་ཀྲར་བརྒྱད་སྟོང་བརྒྱད་རྒྱ་ལྔ་བཅུ་ཡོད་པའི་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་པ་བྱུང་བ་ཡོད་ཅིང། དེ་བཞིན་ལོ་༤༢ ཡིན་པའི་ཤར་པ་རི་འཛེགས་སྣེ་ཤན་པ་ཚེ་དབང་ཉི་མས་ཇོ་མོ་གླང་མའི་རི་རྩེར་ཐེངས་༡༥ དེ་འཛེགས་ཐུབ་པ་བྱུང་ཡོད་པ་རེད། བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱིས་རེས་གཟའ་ཕུར་བུའི་ཉིན་ཇོ་མོ་གླང་མའི་རི་རྩེར་འཛེགས་མཁན་ཉུང་མཐར་མི་གྲངས་༧༥ བྱུང་སྟེ་དེའི་སྔོན་ལ་ཉིན་མ་གཅིག་ནང་ལ་རི་རྩེར་འཛེགས་ཐུབ་མཁན་མི་གྲངས་༦༣ བྱུང་བ་ལས་ད་རེས་མི་གྲངས་མང་པའི་ཟིན་ཐོ་བཀོད་ཡོད་པ་དང་ཡིན་ནའང་ཁོང་ལ་གཞུང་འབྲེལ་གྱི་ཐོག་ནས་རི་འཛེགས་པའི་གྲངས་ཀ་ལག་སོན་བྱུང་མེད་པར་བརྟེན་ནས་ཨ་པ་དང་ཚེ་དབང་ཉི་མ་གཉིས་གོང་གསལ་གྱི་རི་འཛེགས་པ་༧༥ གྲངས་ཀ་དེའི་ནང་ཚུད་མེད་པའི་སྐོར་གསུང་ཡོད་པ་རེད།