བོད་རང་བཙན་གྱི་ལོ་རྒྱུས་ཐོག་བགྲོ་གླེང༌།
2009.10.30
༄༅༎ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བརྒྱད་དང་ཉི་ཤུ་དགུ་ཉིན་གཉིས་རིང་རྒྱ་གར་གྱི་ས་གནས་སིམ་ལའི་ཁུལ་དུ་བོད་དོན་དོན་གཉེར་བ་ཁག་ཅིག་གིས་དེ་སྔའི་སིམ་ལའི་ཆིངས་ཡིག་སྐོར་ནས་བོད་རང་བཙན་གྱི་ལོ་རྒྱུས་ཐོག་ལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་བར་ལམ་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་ནག་གི་བདག་དབང་ཡོད་ཚུལ་རྩོད་ལེན་དང་དྲིལ་བསྒྲགས་བྱེད་པའི་གནས་ཚུལ་ཐོན་པར་བརྟེན་ནས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་རང་བཙན་དོན་གཉེར་བ་ཀླུ་གར་བྱམས་ལགས་ཀྱིས་གོ་སྒྲིག་གནང་བ་ཡིན་ཞིང་ལྷན་ཚོགས་ཉིན་དང་པོའི་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་བོད་རང་བཙན་ཐོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཧི་མ་ཅཱལ་མངའ་སྡེའི་གཙུག་ལག་སློབ་གྲའི་མཁས་དབང་རྒྱ་བོད་མཛའ་གྲོགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནེ་གི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཊར་སེམ་བཱ་ར་ཊི་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད།
ལྷན་ཚོགས་དེའི་ནང་དུ་རྒྱ་གར་གྱི་ས་གནས་ཁག་མི་འདྲ་བ་ནས་བོད་དོན་དོན་གཉེར་བ་ཀླུ་སྒར་བྱམས་ལགས་དང་བསྟན་འཛིན་བརྩོན་འགྲུས་ལགས། དོན་གྲུབ་ལྷ་ཐར་ལགས། ཕུན་ཚོགས་དབང་ཕྱུག་ལགས། འཆི་མེད་གཡུ་དྲུང་ལགས། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་འཐུས་མི་སེར་རྟ་ཚུལ་ཁྲིམས་ལགས། རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ཤིང་ཟ་རིན་པོ་ཆེ་སོགས་མཉམ་ཞུགས་གནང་སྟེ་བོད་རང་བཙན་གྱི་ཐོག་ལ་བགྲོ་གླེང་གནང་བ་དང་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་གྱི་གྲས་ནས་རང་བཙན་གྱི་ཐོག་ལ་ཞིབ་འཇུག་གནང་མཁན་ཀླུ་སྒར་བྱམས་ལགས་ཀྱིས་ད་རེས་ཀྱི་ལྷན་ཚོགས་དེ་ནི་ཐོུང་མ་ཡིན་པའི་བགྲོ་གླེང་གི་གླེང་སྟེགས་ཤིག་བྱུང་ཡོད་པ་དང་ལྷག་པར་དུ་ལྷན་ཚོགས་ཚོགས་ཡུལ་སིམ་ལ་ས་གནས་དེ་ཡང་དེ་སྔ་ཕྱི་ལོ་༡༩༡༤ལོར་སིམ་ལ་ཆིངས་ཡིག་བཞག་ཏེ་ལོ་རྒྱུས་ལྡན་པའི་ས་ཁུལ་ཞིག་ཡིན་པར་བརྟེན་ནས་ལྷན་ཚོགས་དེའི་ནང་དུ་བོད་རང་བཙན་ནས་སིམ་ལའི་ཆིངས་ཡིག་བར་ཏུ་བགྲོ་གླེང་གནང་བའི་སྐོར་གསུང་ཡོད་པ་རེད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་ཐར་ལགས་ཀྱིས་གཏམ་བཤད་ནང་ང་ཚོ་བོད་མི་རིགས་ཀྱི་འཐབ་རྩོད་ནི་མི་རིགས་གཅིག་གཉིས་མ་ཡིན་པར་མུ་མཐུད་གནས་ཐུབ་པ་དང་དེ་ཡང་འཐབ་རྩོད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་གདེང་སྤོབ་ཆེན་པོ་ཡོད་ཅེས་དང་ལྷག་པར་དུ་བོད་མི་རིགས་ཀྱི་ལོ་རྒྱུས་དང་ཐོུང་མ་ཡིན་པའི་རིག་གཞུང་ནི་ང་ཚོའི་འཐབ་རྩོད་ཀྱི་ནུས་སྟོབས་ཡིན་པས་ཇི་སྲིད་བོད་རང་བཙན་མི་འཐོབ་བར་ཏུ་དེ་སྲིད་དུབོད་ཀྱི་འཐབ་རྩོད་གནས་ཀྱི་རེད་ཅེས་གསུང་ཡོད་པ་རེད།