འགོ་གཙོ་གནས་དབྱུང།
2013.04.09
༄༅། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་ཤིས་ཚང་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ ཕྱི་ཟླ་༢ཚེས་༢༥ཉིན་གཞོན་སྐྱེས་ཚེ་གཟུངས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་པའི་རྗེས་སུ་རྒྱ་ནག་གཞུང་གིས་ཤིས་ཚང་ཤང་གི་འགོ་གཙོ་གནས་དབྱུང་བཏང་འདུག བོད་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ཁུངས་ལྡན་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ཀན་ལྷོ་ཁུལ་དང་ཀླུ་ཆུ་རྫོང་རིམ་པའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ས་གནས་ཀྱི་ལས་བྱེད་ཚོས་ལས་དོན་ཡག་པོ་བསྒྲུབ་ཐུབ་ཀྱི་མེད་སྐོར་སྐྱོན་བརྗོད་དང་ཛ་དྲག་གི་ཚོགས་འདུ་སྐོང་ནས་ས་གནས་སུ་ཞིབ་བཤེར་བྱས་པའི་བརྒྱུད་ཤིས་ཚང་ཤང་གི་འགོ་གཙོ་རིན་དགའ་དང་ཤང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བུད་མེད་ཀྲང་ཡོན་ཤཱའ་གཉིས་གོ་གནས་ནས་གནས་དབྱུང་བཏང་བ་དང་། གོང་རིམ་ནས་འགོ་གཙོ་དང་དྲུང་ཆེ་གསར་པ་བསྐོ་བཞག་བྱས་འདུག དེ་བཞིན་ཚེ་གཟུངས་སྐྱབས་ཀྱི་ཕ་ཡུལ་ཀླུ་ཆུ་རྫོང་ཟམ་ཚ་ཤང་གི་འགོ་ཁྲིད་ཡང་གནས་དབྱུང་བཏང་བས་མ་ཟད། ལས་བྱེད་གཞན་ཚོར་ཉེན་བརྡ་ཡང་བཏང་ཡོད་འདུག ད་ལྟ་ཤིས་ཚང་ཤང་གི་འགོ་གཙོ་གཅིག་གི་ཚབ་ལ་འགོ་བ་རྣམ་རྒྱལ་གྱི་བུ་མགོན་པོ་ཚེ་རིང་ཞེས་པ་བསྐོ་བཞག་བྱས་འདུག ཁོང་པས་༢༠༠༨ལོའི་བོད་མིའི་ཞི་རྒོལ་ཡར་ལངས་སྐབས་བོད་མིའི་ལས་འགུལ་བའི་ཐོག་མི་འདོད་པའི་རྣམ་འགྱུར་བསྟན་པའི་གནས་ཚུལ་བྱུང་བར་ས་གནས་བོད་མི་རྣམས་ཀྱིས་ཁོ་པར་དགའ་པོ་དེ་ཙམ་བྱེད་གི་མེད་པ་རེད། ཚེ་གཟུངས་སྐྱབས་ལཌ་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་དེ་ནི་ཤིས་ཚང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བྱམས་པ་གླིང་སྐོར་གྱི་ཉིན་མོ་ཡིན་སྟབས། མི་ཚོགས་འདུ་འཛོམས་ཧ་ཅང་ཆེ་བའི་སྐབས་དང་འཁེལ་བར་ས་གནས་ལས་བྱེད་ཚོར་སྐྱོན་བརྗོད་དེ་བས་ཀྱང་མང་བ་བྱས་ཡོད་པའི་གནས་ཚུལ་འདུག།