བོད་ཀྱི་སྣེ་ལེན་ཁང་གི་ལས་བྱེད་དབང་ཕྱུག་ལ་མེ་མདས་རྒྱབ་འདུག
2015.05.08
རྡ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་ལས་བྱེད་དབང་ཕྱུག་ལ་ངོ་རྟགས་མ་ཆོད་པའི་མི་ཅིག་གིས་མེ་མདའ་བརྒྱབ་འདུག
དེ་ཡང་འདི་གའི་གསར་འགོད་པས་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་འདིའི་ཚེས་༨ཉིན་གྱི་སྔ་དྲོའི་ཐོ་རངས་ཆུ་ཚོད་༤པ་ཙམ་ལ་བཞུགས་སྒར་རྡ་ས་དབུས་བོད་ཀྱི་སྣེ་ལེན་ཁང་གི་ལས་བྱེད་རྙིང་པ་དབང་ཕྱུག་ལགས་ཞུ་བ་ཁོང་ཕྱི་ལ་ཐོན་པའི་སྐབས་ངོ་རྟགས་མ་ཆོད་པའི་མི་ཞིག་གིས་མེ་མདའ་བརྒྱབ་ཡོད་པ་དང་། མེ་མདའི་མདེའུ་དེ་ཁོང་གི་གཡས་ངོས་དཔུང་པར་ཕོག་ཡོད་འདུག ད་ལྟ་ཁོང་སྨན་ཁང་དུ་ཛ་དྲག་སྨན་བཅོས་ཆེད་བསྐྱལ་ཡོད་པ་རེད། གསར་འགོད་པས་གནས་ཚུལ་དེའི་སྐོར་བདེ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀུན་དགའ་བཀྲ་ཤིས་སུ་བཅར་འདྲི་ཞུས་པར། ཁོང་གིས། སྣེ་ལེན་ཁང་གི་ལས་བྱེད་དབང་ཕྱུག་ལགས་ལ་མེ་མདའ་བརྒྱབ་པའི་གནས་ཚུལ་དེ་དངོས་ཡོད་ཡིན་པ་ར་སྤྲོད་གནང་པའི་ཐོག་མེ་མདའ་རྒྱག་མཁན་སུ་ཡིན་དང་། རྒྱུ་མཚན་གང་ཡིན་ད་ལྟ་ཁ་གསལ་མེད་ཅིང་། རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་པ་དང་། རྩ་བའི་དབང་ཕྱུག་ལགས་ལ་རྨས་སྐྱོན་ཕོག་ཡོད་ཀྱང་སྲོག་ཉེན་མེད་པའི་སྐོར་གསུངས་གནང་འདུག
ཡང་འདི་གའི་གསར་འགོད་པས་རྒྱ་གར་ཉེན་རྟོག་པ་ཁག་ཅིག་ལ་གནས་ཚུལ་འདིའི་སྐོར་འདྲི་རྩད་བྱ་སྐབས་ཉེན་རྟོགས་པས་གནས་ཚུལ་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཚུལ་གསུངས་པ་ལས་ཞིབ་ཕྲ་གསལ་ཁ་བཏོན་མིན་འདུག
གསར་འགོད་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས།