ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ཨ་རིར་གཞུང་འབྲེལ་མགྲོན་འབོད་གནང་ཡོད་འདུག

2022.04.05
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ཨ་རིར་གཞུང་འབྲེལ་མགྲོན་འབོད་གནང་ཡོད་འདུག སྲིད་སྐྱོང་མཆོག་ལ་དམིགས་བསལ་བཅར་འདྲིའི་སྐབས། ༠༤།༠༥།༢༠༢༢
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་འཁུར་ཞུས་ཏེ་ད་ཆ་ཟླ་བ་དགུ་ཙམ་འགྲོ་བཞིན་པ་དང་། འདི་ཚེས་༥ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྐབས་༡༦པའི་བཀའ་ཤག་གི་ངོས་ནས་ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་སྲིད་སྐྱོང་མཆོག་ལ་དམིགས་བསལ་གྱི་བཀའ་འདྲི་ཞུས་སྐབས། རིང་མིན་སྤྱི་ཟླ་༤པའི་ཟླ་མཇུག་ལ་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་གཞུང་དོན་འཚམས་གཟིགས་སུ་ཕེབས་གཏན་འཁེལ་འདུག་པས། སྐབས་དེར་དཔོན་རིགས་སུ་དང་སུ་མཇལ་འཕྲད་གནང་འཆར་ཐད་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། ད་རེས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས་གཞུང་འབྲེལ་གྱི་མགྲོན་ཤོག་བཏང་བ་ལྟར་ང་ཚོ་ཕར་བཅར་རྒྱུ་ཡིན་ལ། སྐབས་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་གཙོས། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པ་སོགས་ཉིན་ལྔའི་རིང་བོད་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་དང་མི་སྣ་གང་མང་ཞིག་དང་ཐུག་འཕྲད་བྱ་རྒྱུའི་ལེ་རིམ་སྒྲིག་ཡོད་པ་མ་ཟད། ད་ཐེངས་ཨ་རི་དང་ཁེ་ན་ཌ། (Germany)་བཅས་རྒྱལ་ཁབ་གསུམ་ནང་སྐོར་བསྐྱོད་གནང་འཆར་ཡོད་པ་གསུངས་བྱུང་།
བཅར་འདྲིའི་སྐབས་དེ་སྔོན་སྐུ་ཉིད་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་འཁུར་ཞུས་ཏེ་ཉིན་གྲངས་༡༠༠ཧྲིལ་པོ་འཁོར་བའི་སྐབས། བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལས་དོན་ཁག་ཅིག་གྲ་སྒྲིག་འགོ་ཚུགས་ཟིན་ཡོད་པ་གསུངས་སོང་བས། ད་ལྟའི་ཆར་དེའི་གནས་བབ་ག་པར་སླེབས་ཡོད་མིན་སྐོར་བཅར་འདྲི་ཞུས་པར། ད་ལྟའི་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་དེ་གང་ཟག་རེ་ཟུང་གི་ནུས་པ་ཙམ་མིན་པར། སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་གྲ་སྒྲིག་གནང་མུས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་སྲིད་སྐྱོང་མཆོག་ནས་རྒྱ་ནག་གི་སྲིད་འཛིན་གྱི་མཚན་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་ཡོད་ཅེས་གྲོས་ཚོགས་ནང་བརྗོད་སྟབས། དྲན་ཐོ་ཡིག་ཆ་དེའི་ནང་གཙོ་བོ་ག་རེ་བཀོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། ཚང་མས་མཁྱེན་གསལ་ལྟར། བོད་ནང་གི་རང་དབང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ད་ལྟའི་ཞི་ཅིང་ཕིང་གིས་སྲིད་བྱུས་འཛིན་སྟངས་ལ་བལྟས་པ་ཡིན་ན། ལོ་བཅུ་ཕྲག་འགའ་ཡི་ནང་ཚུད་དུ་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་རྩ་བརླགས་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པ་དེ་ནི་བོད་དང་རྒྱ་ནག་ཙམ་མིན་པར། འཛམ་གླིང་སྤྱིར་གྱོང་གུན་རག་གི་ཡོད་པར་བརྟེན། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཞིག་གི་གནས་སྟངས་སྐོར་དྲན་ཐོ་ཡིག་ཆ་དེའི་ནང་བཀོད་ཡོད་ཅེས་བཀའ་ལན་གནང་སོང་།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་པའི་འགྲོ་ལུགས་ཐོག་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པ་ཉེ་ཆར་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་ནས་གསུངས་སོང་བས། འགྱུར་བ་ཆེ་ཤོས་ཀྱི་རྣམ་གྲངས་གསུམ་ཞིག་གསུངས་རོགས་ཞེས་དྲིས་པར། འདས་པའི་ཟླ་བ་དགུ་རིང་འདིར། སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་ཆེད་དུས་ཚོད་མང་པོ་ཞིག་བཏང་ཡོད་ལ། སྲི་ཞུ་ལས་བྱེད་༨༠ཙམ་ཞིག་གནས་སྤོས་བཏང་ཟིན་ཡོད་པ་དང་། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་ལས་བྱེད་ཀྱི་འགྲོ་ལུགས་འགྲོ་སྟངས་དེ་ཚད་ལྡན་ཞིག་བཟོ་རྒྱུ་ཡིན་པ་མ་ཟད། འཛིན་སྐྱོང་བཀའ་ཤག་དང་ལས་བྱེད་ཐུན་མོང་ནས་ནུས་པ་མཉམ་སྤུངས་གི་ཐོག་ནས་ལས་དོན་སྒྲུབ་རྒྱུར་གལ་ཆེ་ཞེས་ལན་འདེབས་གནང་སོང་། ཞིབ་ཕྲ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་དང་། དྲ་རྒྱ་ངོ་དེབ་སོགས་ནས་གཟིགས་ཐུབ།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎