བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པ།
2017.03.12

༄༅༎ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་གཞུང་འབྲེལ་གྱི་ཐོག་ནས་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་བཞག དེ་ཡང་མཛད་སྒོའི་སྐབས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས་རྗེས་ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་བའི་ནང་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་དགོས་གལ་སྐོར་གྱི་བཀའ་སློབ་རིམ་པ་ཕེབས་ཡོད་པ་དང་། བོད་ནང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བུད་མེད་དཔའ་མོ་མང་པོ ཞིག་གིས་སོ་སོའི་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་སྟེ་སྒེར་ལངས་ཆེན་པོ་བྱས་པའི་སྐབས་ཁོང་ཚོས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེ་མ་འགྲིག་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན་པ། ༸གོངས་མཆོག་གི་སྐུ་དབང་ལ་ཐེ་བྱུས་མ་བྱེད་རོགས་ཞེས་སྒེར་ལངས་བྱས་ཏེ་དཔའ་མོ་མང་པོ་ཞིག་གིས་རང་གི་ལུས་སྲོག་བློས་གཏོང་གནང་བའི་ཉིན་མོ་ཞིག་ཆགས་ཡོད་པ་དང་། ད་ལྟ་ཡིན་ནའང་བོད་ནང་ལྟ་བུ་མཚོན་ན། དཔའ་མོ་མང་པོ་ཞིག་གིས་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་སོགས་ཀྱི་ཆེད་མུ་མཐུད་བོད་ཀྱི་རྩ་དོན་རྩོད་དང་རྩོད་མུས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༤༥ བྱུང་ཡོད་ཁོངས་ནས་བུད་མེད་ཨ་མ་དང་། བུ་མོ། བཙུན་མ་ཡིན་པ་བཅས་མི་ཉུང་བ་ཞིག་ཡོད། འདས་པའི་ལོ་རྒྱུས་ནང་བུད་མེད་དཔའ་མོ་མང་པོ་ཞིག་བྱུང་ཡོད་ཅེས་གསུངས་བཞག
དེ་བཞིན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་ལ་འབྱོར་བ་ནས་བཟུང་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༡༩༦༣ ལོར་བཅའ་ཁྲིམས་གཏན་འབེབས་མཛད་པའི་ནང་ཕོ་མོ་འདྲ་མཉམ་རྩིས་ནས་ཐོབ་ཐང་འདྲ་མཉམ་གནང་ཡོད་ལུགས་གསུངས་བཞག
དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ཡོངས་ཀྱི་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཟིགས་ཚེ་བུད་མེད་ཀྱི་ཐོབ་ཐང་དང་འགན་ཁུར་སྟངས་དེ་དག་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་། ཡར་རྒྱས་ལ་མཐའ་མེད་སྟབས། ད་དུང་ཡིན་ནའང་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། གཞི་རྩའི་ང་ཚོའི་བཅའ་ཁྲིམས་དང་ཁྲིམས་སྒྲིག་གཞན་ཁག་གི་ནང་བུད་མེད་ཚོར་དབྱེ་འབྱེད་མེད་ཀྱང་། ལོ་ངོ་སྟོང་ཕྲག་མང་པོའི་བག་ཆགས་ལ་བརྟེན་ནས་བསམ་བློ་དང་གོམས་གཤིས་ནང་དབྱེད་འབྱེད་ཅིག་ལྷག་བསྡད་ཡོད་པ་དེ་དོར་དགོས་སྐོར་སོགས་གསུངས་བཞག
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh མཆོག་དང་ཕ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་Annick Billon མཆོག་གིས་གསུང་བཤད་གནང་བའི་གནས་ཚུལ་འདུག།གསར་འགོད་པ་ཚེ་དབང་དངོས་གྲུབ།