མ་ཉེས་ཁག་གཡོགས་ཀྱི་ཁ་མཆུའི་ཞུ་ལན་ལ་སྣོན་འཕྲི་དགོས་པའི་བརྡ་ཐོ།
2018.12.14
བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སུ་ལོ་གཅིག་གོང་བྱང་ཨ་རིའི་དོན་གཅོད་ཀྱི་ལས་གནས་ནས་འཕོ་བསྒྱུར་གནང་སྐབས་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་གཏུགས་ཞུས་ཡོད་པ་དེར། སྲིད་སྐྱོང་མཆོག་གི་ཁ་མཆུ་ངོས་བཞེས་བརྩི་མེད་ཡོང་བའི་རེ་སྐུལ་ཞུས་ཡོད་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་ལེན་གནང་མི་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༠ ཅན་གྱི་རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སུ་ཞུ་ལན་ཐོག་སྣོན་འཕྲི་དགོས་པའི་བརྡ་ཐོ་ཞིག་ཚེས་༧ ཉིན་བཏང་ཡོད་པའི་ཡི་གེ་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཕྱིར་གྱར་ཕྱིན་ཡོད་པའི་ནང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༢༩གཞིར་བཟུང་ཕུལ་བའི་ཞུ་ལན་གྱི་དོན་ཚན་མང་དག་ཅིག་གི་མཇུག་ཏུ་ཁ་མཆུ་ངོས་བཞེས་བརྩི་མེད་ཡོང་བ་ཞེས་གསལ་འདུག་པ་དེ་དག་ནི། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༣༡ཆ་རྐྱེན་ལྟར་མིན་སྟབས།ཚིག་བརྗོད་དེ་དག་ཚང་མ་ཕྱིར་མཐེན་བྱ་དགོས་ཅེས་བཀོད་ཡོད་པ་དང་། མཐའ་བསྡོམས་སུ་མདོར་ན་ཞེས་པའི་ནང་གསེས་༤དང་༥དང་།དགོས་འདུན་བཅས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་རང་ཆས་སུ་ཡོད་པའི་སྐུ་དབང་སྐོར་གསལ་ཡོད་པའང་འབྲེལ་མེད་ཡིན་པས་ཕྱིར་འཐེན་བྱེད་དགོས་པ་དང།དེ་མིན་གོང་དུ་གསལ་འདོན་བྱས་རིགས་སྤྱི་མང་གཏུགས་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༣༣ གཞིར་བཟུང་མོས་མཐུན་ཡོད་ཁག་ཞུ་ལན་ནང་བསྒྱུར་བཅོས་ཀྱིས་༢༠༡༩ཟླ་བ་༡པོའི་ཚེས་༡༥འགྱངས་མེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕྱིར་འབུལ་དགོས་པ་དང། ཕྱིར་འཐེན་དང་བསྒྱུར་བཅོས་ཟིན་པའི་ཞུ་ལན་གྱི་མཇུག་ཏུ། ཁྲིམས་ཞིབ་ཁང་ནས་སྣོན་འཕྲི་དགོས་པའི་བཀའ་ཇི་གནང་རྩོད་ལེན་པས་ཤེས་རྟོགས་བློ་ངེས་བྱུང་བ་དང། མོས་མཐུན་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་ཁས་ལེན་མིང་རྟགས་བཀོད་པའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་རྒྱུ་བཅས། ཞེས་ཆེས་མཐོའི་ཁྲིམས་ཁང་གིས་ཟླ་འདིའི་ཚེས ༧ ཉིན་སྲིད་སྐྱོང་མཆོག་ལ་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་རྩོད་ལེན་པ་སྲིད་སྐྱོང་བློ་བཟང་ལགས་ལ་ལོ་གཅིག་གོང་བྱང་ཨ་རིའི་དོན་གཅོད་ཀྱི་ལས་གནས་ནས་འཕོ་བསྒྱུར་གནང་སྐབས་མ་ཉེས་ཁག་གཡོགས་ཀྱི་ཁྲིམས་གཏུགས་ཞུས་ཡོད་པའི་ཞུ་ལན་ལ་སྣོན་འཕྲི་དགོས་པའི་བརྡ་ཐོ་བཏང་འདུག