སྲིད་སྐྱོང་མཆོག་ཨ་རི་ལ་གཞུང་འབྲེལ་གཟིགས་སྐོར།
2012.10.13
༄༅༎བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ནས་ཨ་རིའི་ནང་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག
སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གི་མཛད་རིམ་ཐོག་མར་ཨ་རིའི་ལྦོ་སི་ཊོན་ ཧ་ཝར་ཌར་གཙུག་ལག་སློབ་གྲྭ་ནང་གསུང་བཤད་དང༌། དེ་ནས་ནིའུ་ཡོག་གི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭར་གསུང་བཤད། སྤྱི་ཚེས་༡༢་ཉིན་མངའ་སྡེ་ཝན་ཇི་ནི་ཡ་ནང་གི་བོད་རིགས་མི་མང་ལ་གསུང་བཤད་ཚར་རྗེས། མངའ་སྡེ་མེ་ནི་སོ་ཊར་ཕེབས་ཏེ་རྒྱ་རིགས་སློབ་ཕྲུག་ཁག་གཅིག་དང་མཇལ་འཕྲད་ཀྱིས་དྲི་བ་ཁག་ལ་ལན་འདེབས་མཛད་པ་དང་། དེ་ནས་ས་གནས་བོད་རིགས་མི་མང་ལ་གསུང་བཤད་གནང་ཞིང་། ས་གནས་བོད་རིགས་ཚོགས་པ་ནས། སྲིད་སྐྱོང་མཆོག་ལ་ཤེ་ཡོན་གྱི་གཟིངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་འདུག
ད་དུང་ཨ་རིའི་ནང་གི་མཛད་རིམ་ཁག་ཅིག་ཡོད་པ་ལེགས་གྲུབ་མཚམས་ཨིན་ལན་དང་ཡོ་རོབ་ཁུལ་དུ་གཞུང་དོན་གཟིགས་སྐོར་གནང་རྒྱུ་རེད་འདུག།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་བཀའ་མོལ་གནང་བཞིན་པ།
དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ ཨ་རིའི་ནིའུ་ཡོག་གི་སེ་ར་ཀུ་གཙུག་སློབ་གྲྭའི་ནང་གི་ཞི་བདེའི་གླེང་སྟེགས་ཐོག་མཉམ་ཞུགས་ཀྱིས་གལ་ཆེན་མི་སྣ་ཐུག་འཕྲད་གནང་བ་དང༌། དེ་ནས་རྒྱལ་སའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ཐུག་འཕྲད། སྤྱི་ཚེས་༡༢་དགོང་དྲོར་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་འཐུས་ཚོགས་པའི་གསོལ་ཚིགས་འདེགས་འབུལ་ཞུས་རྗེས། ཚེས་༡༣་ཉིན་གྲོང་ཁྱེར་ནིའུ་ཡོག་གི་བོད་རིགས་མི་མང་ལ་གསུང་བཤད་དང་། དེ་ནས་རིམ་པས་ཁ་ན་ཊི་ཀ་ཊི་དང་མི་ན་སོ་ཊ་སོགས་སུ་གཞུང་དོན་གཟིགས་སྐོར་གནང་་རྒྱུ་རེད་འདུག།