ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་འཇགས་ཐུབ་ན། སོ་སོའི་མཐའ་འཁོར་གྱི་མི་ལའང་ལམ་སྟོན་གནང་ཐུབ་ཀྱི་རེད་ཅེས། སྲིད་སྐྱོང་གིས་ཀུན་ཕན་བཟང་སྤྱོད་ཀྱི་ལྷན་ཚོགས་སུ་ལམ་སྟོན་གནང་ཡོད་པ།

རྒྱ་གར་རྒྱལ་ས་ལྡི་ལི་རུ་རྟེན་གཞི་ཆགས་པ་བོད་ཁང་གིས་གོ་སྒྲིག་གནང་སྟེ་ཀུན་ཕན་བཟང་སྤྱོད། འཛམ་གླིང་ཞི་བདེ་ཡོང་ཐབས་ཀྱི་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་ཟེར་བའི་བརྗོད་གཞི་དང་འབྲེལ་ཏེ། ཤེས་ཡོན་སློབ་གསོ་བ་སྤྱི་དང་ཁྱད་པར་སཱི་ཤེས་ཡོན་སློབ་གསོ་སྤེལ་མཁན་གྱི་མཁས་པའི་ལྷན་ཚོགས་ཤིག་སྤྱི་ཟླ་༡ཚེས་༧ཉིན་འཚོགས་ཡོད་པར། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། “རང་སེམས་ལ་རྒྱུན་མར་བྱ་ར་བྱས་ཏེ་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་འཇགས་ཐུབ་པར་བྱས་ན། སོ་སོའི་མཐའ་འཁོར་གྱི་མི་ལའང་ལམ་སྟོན་གནང་གི་ཐུབ་ཀྱི་རེད་” ཅེས་གསལ་སྟོན་གནང་གི་འདུག
“འཛམ་གླིང་འདིར་མི་འདྲ་མིན་སྣ་ཚོགས་མང་པོ་ཡོད་པ་ཇི་བཞིན་མི་རེ་རེར་ཁམས་དང་མོས་པ་མི་འདྲ་བར་ཡོད་པའང་ཤེས་པ་ཡིན་ན། ཕན་ཚུན་བསམ་ཚུལ་མི་མཐུན་པ་ཡོད་པར་ཧ་ལས་པ་དང་ཁོང་ཁྲོ་ཟ་དགོས་དོན་མེད་པར་དང་ལེན་བྱ་ཐུབ་པ་ཞིག་དང་། མི་ཡག་པོ་ཡོང་བར་གཙོ་ཆེར་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དགོས་པར་བརྟེན། སོ་སོས་ཅི་ཞིག་སྒྲུབ་བཞིན་པ་དེ་ལེགས་སམ་ཉེས་ཀྱི་ཐོག་རྒྱུན་ཆད་མེད་པར་རང་སེམས་ལ་བྱ་ར་བྱེད་ཐུབ་དགོས་པ་དང་། གལ་ཏེ་ང་ཚོ་རང་གིས་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་མ་ཉམས་རང་རྒྱུད་དུ་འཇགས་ཕྱིན་ཆད། སོ་སོའི་མཐའ་འཁོར་གྱི་མི་ལའང་ལམ་སྟོན་བྱ་ཐུབ་པ་མ་ཟད། ལམ་ནོར་ལྡོག་ཤེས་ཀྱང་ཡོང་ཐུབ་ཀྱི་རེད་” ཅེས་གསལ་སྟོན་གནང་གི་འདུག་ཅིང་། གཞན་ཡང་དམིགས་བསལ་སྐུ་མགྲོན་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ནཱེ་རུ་པདྨ་རོའོ་ལགས་ནས་ཀྱང་། ༸གོང་ས་མཆོག་གིས་ལམ་སྟོན་བཞིན་ང་ཚོས་ཤེས་ཡོན་བརྒྱུད་ནས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་པ་ལམ་སྟོན་གནང་གི་འདུག
ཁོང་གིས་“༸གོང་ས་མཆོག་གིས་གཞི་རྩའི་ཡོན་ཏན་གྱི་རིགས་ཞི་བདེ་དང་འགྲིག་འཇགས་ཀྱི་སྐོར་དགོས་གལ་ཆེ་བ་གསུང་གི་ཡོད་པ་དང་། ༸གོང་ས་མཆོག་གིས་གསུང་བ་བཞིན་ང་ཚོས་ཤེས་ཡོན་ལམ་སྲོལ་ཡག་པོ་ཞིག་གི་ཐོག་ནས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་པ་ནི། ང་ཚོས་འདི་ནས་བཤད་བྱ་གཙོ་བོ་དེ་ཆགས་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ཕྱིའི་གོ་མཚོན་ཙམ་མ་ཟད་ནང་སེམས་ཀྱི་གོ་མཚོན་མེད་པར་བཟོས་ཏེ་སེམས་ཞི་ལྷིང་དང་། ཕན་ཚུན་གྲོས་མོལ་གྱི་སྙིང་སྟོབས་དར་སྤེལ་དང་འབྲེལ་ཟམ་མཐུད་དགོས་པའི་བཀའ་གནང་བཞིན་པ་དེ་ཧ་ཅང་གལ་ཆེན་རེད་” ཅེས་ལམ་སྟོན་གནང་གི་འདུག་ཅིང་། ལྡི་ལིའི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ནས་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་། ནང་སེམས་ཀྱི་སློབ་གསོ་དེ་དེང་རབས་ཤེས་ཡོན་གྱི་ཆ་ཤས་ཤིག་ཆགས་རྒྱུར། ཚང་མས་མཉམ་རུབ་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་གི་འདུག
ཁོང་གིས་“༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་འགྲུབ་པའི་ལས་འགན་དེ་ཨེ་མོ་རི་སློབ་ཆེན་གྱིས་བླངས་ནས་སཱི་ཤེས་ཡོན་སློབ་གསོ་དར་སྤེལ་འགྲོ་བཞིན་པ་དང་མཚུངས་སུ། རྒྱ་གར་སོགས་སུའང་ཤེས་ཡོན་ལྟེ་གནས་མང་པོས་སོ་སོའི་ཁྱད་ཆོས་ཐོན་པའི་ལམ་ནས། སེམས་ཁམས་ཀྱི་སློབ་གསོ་སྤེལ་ཐབས་འདི་དེང་རབས་ཤེས་ཡོན་ལམ་སྲོལ་གྱི་ཆ་ཤས་སུ་བཟོ་བཞིན་པ་ཡིན་པས། ང་ཚོས་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་དེ་སོ་སོའི་ཁྱིམ་ཚང་དང་ཤེས་ཡོན་ལྟེ་གནས། འཛམ་གླིང་གང་སར་དངོས་ཡོད་དུ་ཁྱབ་རྒྱུར། སྨོན་ལམ་འདེབས་པ་དང་ཚང་མས་མཉམ་རུབ་འབད་བརྩོན་གནང་རོགས་ཀྱི་སྐུལ་མ་གནང་”གི་འདུག
ཚོགས་འདུ་དངོས་གཞིའི་ཐོག་ཏུ་བྱམས་བརྩེ་དང་ཚད་མའི་ལམ་ནས་དཔྱད་པ་བྱེད་སྟངས་དང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད། རྟེན་འབྱུང་གི་དེ་ཁོ་ན་ཉིད་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། སྤྱི་སེམས་ཀྱི་ལྷག་བསམ་སོགས་༸གོང་ས་མཆོག་གི་དགོངས་པ་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྟེང་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།