༢༠༡༦ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས།
2016.10.09

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀོ་ལིམ་སྦི་ཡའི་སྲིད་འཛིན་Juan Manuel Santos མཆོག་ལ་འདི་ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་གནང་བཞག དེ་ཡང་སྲིད་སྐྱོང་མཆོག་གིས་ ཀོ་ལིམ་སྦི་ཡའི་སྲིད་འཛིན་ Santos མཆོག་གིས་ཡུལ་དེ་དང་ གྱེན་ལོག་པའི་དབར་མི་ལོ་༥༢ཙམ་ཀྱི་འཁྲུག་རྩོད་ཞི་འཇམ་ཡོང་ཐབས་སུ་སྐུ་ངལ་འཛེམས་མེད་སྐྱོན་པ་དེ་ནི་དངོས་གནས་སེམས་འགུལ་ཐེབས་འོས་པ་ཞིག་རེད་ལ་ཁོང་གི་མཛད་རྗེས་ལ་ ཆེ་བསྟོད་ཞུ་ཆེད་ནོ་སྦེལ་ཞི་བའི་གཟེངས་རྟགས་ཚོགས་ཆུང་ནས་ཁོང་ལ་གཟེངས་རྟགས་འབུལ་རྒྱུའི་ཐག་ཆོད་གནང་བ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ཕུལ་བའི་མཚམས་འཕྲིན་དེའི་ནང་ ཁོང་རང་ཉིད་རྒྱ་ནག་གིས་བཙན་བཟུང་བྱས་པའི་ཡུལ་ཞིག་གི་དབུ་ཁྲིད་ཡིན་པའི་ཆ་ནས་ཀོ་ལིམ་བྷི་ཡའི་སྲིད་འཛིན་ Santos མཆོག་གིས་དཀའ་རྙོགས་སེལ་ཐབས་སུ་འདུན་པ་དང་ཆོད་སེམས་བརྟན་པོའི་ངང་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་བ་དེ་ནི་ དེ་དང་དེ་འདྲ་བའི་དཀའ་རྙོགས་རྣམས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་མིག་དཔེ་བཟང་པོ་དང་གལ་ཆེ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་བཞག།གསར་འགོད་པ་ཚེ་དབང་དངོས་གྲུབ།