སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིར་བསྐྱར་དུ་བདམས་པའི་བོད་དོན་རྒྱབ་སྐྱོར་བ་གཉིས་ལ་འཚམས་འདྲི་གནང་འདུག
ལྕམ་ནན་སེ་ཕི་ལོ་སི་མཆོག་དང་སྐུ་ཞབས་ཇེམ་སི་མེག་གྷ་ཝ་རན་རྣམ་པ་གཉིས་ཡང་བསྐྱར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཚེས ༧ ཉིན་་རེ་རེ་བཞིན་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་ཡོད་པ་རེད། དེ་ཡང་སྲིད་སྐྱོང་མཆོག་གིས་ལྕམ་ནན་སེ་ཕི་ལོ་སི་མཆོག་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གནང་བའི་འཚམས་འཕྲིན་ནང་། ལྕམ་ནན་སི་ཕི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བསྐྱར་དུ་བདམས་པར་དགའ་བསུ་ཡོད་ཅེས་གསུངས་ནས། སྐུ་ཉིད་གྲོས་ཚོགས་སུ་མུ་མཐུད་དུ་བཞུགས་པ་དེ་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རྒྱབ་སྐྱོར་བ་ཚོའི་རེ་བའི་སྒྲོན་མེ་ཆགས་ཡོད། ཅེས་དང་། ཡང་སྲིད་སྐྱོང་མཆོག་གིས་ལྕམ་ནན་སེ་ཕི་ལོ་སི་མཆོག་གིས་སྤྱི་ནོར༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དང་མཛའ་བརྩེའི་འབྲེལ་བ་དམ་ཟབ་གནང་བ་དང་། བོད་དོན་ཐོག་རྒྱུན་རིང་རྒྱབ་སྐྱོར་དང་ལྷག་དོན་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཁག་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། མ་འོངས་པར་གཉའ་གནོན་འོག་གནས་པའི་མི་མང་ཡོངས་ཀྱི་དྲང་བདེན་གྱི་འཐབ་རྩོད་ཆེད་སྐུ་ཉིད་ཀྱི་དབུ་ཁྲིད་མུ་མཐུད་གནང་བའི་རེ་བ་ཞུས་ཡོད་པ་རེད།
དེ་མཚུངས་སུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོ་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སི་མེག་གྷ་ཝི་རན་མཆོག་སླར་ཡང་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་གནང་བའི་འཚམས་འཕྲིན་ནང་། བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ཡོངས་ཀྱི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། གང་ཉིད་ཨ་རིའི་གྲོས་ཚོགས་འཐུས་མིར་བསྐྱར་དུ་བདམས་པར་སྙིང་ཐག་པ་ནས་དགའ་བསུ་ཞུས་པ་དང་། ཆབས་ཅིག་ཏུ་བོད་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགན་འཁུར་འཇུག་རྒྱུར། སྐུ་ཉིད་ཀྱིས་རྒྱུན་མཐུད་ནས་འབད་བརྩོན་གནང་བ་དང་། བོད་མིའི་ཆོས་དད་རང་དབང་། རིག་གཞུང་སྲུང་སྐྱོབ་ཆེད་ནུས་པ་ཆེ་བའི་རྒྱབ་སྐྱོར་གནང་བ་དེས་བོད་མི་མང་གི་མངོན་འདོད་དང་འབོད་སྒྲ་ཤུགས་ཆེ་རུ་བཏང་ཡོད། བོད་མི་མང་ལ་གྲོས་ཚོགས་ནང་སྐུ་ཉིད་ལྟ་བུའི་ལྷག་བསམ་རྣམ་དག་གི་གྲོགས་པོ་དང་རྒྱབ་སྐྱོར་བ་ཞིག་ཡོད་པ་དེ་ང་ཚོའི་བསོད་ནམས་ཡིན། ང་ཚོས་བོད་དང་འཛམ་གླིང་ཡོངས་ཀྱི་དཀའ་སྡུག་མྱོང་བཞིན་པའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་མཐོང་། རང་དབང་བཅས་ཀྱི་ཆེད་དུ་མཉམ་རུབ་ཀྱིས་ལས་དོན་མུ་མཐུད་སྤེལ་རྒྱུར་རེ་སྒུག་ཞུ་བཞིན་ཡོད། ཅེས་གསུངས་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སེ་ཕི་ལོ་སི་མཆོག་གིས་འདས་པའི་དུས་ཡུན་ཧ་ཅང་རིང་པོའི་རིང་བོད་དོན་ལ་ཁ་སེམས་གཉིས་མེད་ཀྱིས་སྒོ་ནས་རྒྱབ་སྐྱོར་གནང་ཡོད་ལ། ཁོང་མོ་ནི༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐུགས་དགོངས་ཉེ་བའི་བོད་མིའི་གྲོགས་པོ་གཙོ་བོ་ཞིག་ཡིན། དེ་བཞིན་དུ་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་དང་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཇེམ་སི་མེག་གྷ་ཝི་རན་མཆོག་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་བརྩི་དང་བོད་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བཞིན་ཡོད། ལྷག་པར་དུ་ད་ལོའི་སྤྱི་ཟླ་བདུན་པའི་ཚེས ༡༣ ཉིན་སྲིད་འཛིན་རྗོ་བྷའེ་ཌེན་གྱིས་རྟགས་བཙུགས་ནས་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་གཏན་འབེབས་བྱས་པའི་ཐོག་མཐའ་བར་གསུམ་དུ་ལྕམ་ནན་སེ་ཕི་ལོ་སི་དང་སྐུ་ཞབས་ཇེམ་སི་མེག་གྷ་ཝི་རན་རྣམ་པ་གཉིས་ཀྱིས་སྐུལ་འདེད་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་རེད།
ད་རེའི་ལྕམ་ནན་སེ་ཕི་ལོ་སི་མཆོག་དང་སྐུ་ཞབས་ཇེམ་སི་མེག་གྷ་ཝི་རན་རྣམ་གཉིས་ཡང་བསྐྱར་ཨ་རིའི་གྲོས་ཚོགས་འཐུས་མིར་བདམས་ཡོད་པ་དང་། རྣམ་པ་གཉིས་མུ་མཐུད་ནས་ཨ་རིའི་གྲོས་ཚོགས་སུ་བཞུགས་པ་དེས་མ་འོངས་པའི་བོད་དོན་ཀྱི་ལས་དོན་ལ་མཚོན་ལ་དགེ་མཚན་ཆེན་པོ་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་འདི་ག་རླུང་འཕྲིན་ལ་གསུངས་སོང་།
ལྕམ་ནན་སེ་ཕི་ལོ་སི་མཆོག་གིས ༡༩༨༧ ལོ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིའི་ཐུགས་འགན་བཞེས་ཡོད་པ་དང་། སྤྱི་ལོ ༢༠༠༧ ནས ༢༠༡༡ བར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་པ་དང་། དེ་ནས ༢༠༡༩ ལོ་ནས་༢༠༢༣ ལོའི་བར་ཡང་བསྐྱར་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས། ཁོང་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རུ་བདམས་པའི་བུད་མེད་ཐོག་མ་དེ་ཆགས་ཡོད་པ་རེད། ལྕམ་ནན་སེ་ཕི་ལོ་སི་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་དང་བཞུགས་སྒར་དྷ་རམ་ས་ལ་སོགས་སུ་ཕེབས་ནས་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་གནས་བབ་ལ་རྒྱུས་ལོན་དང༧གོང་ས་མཆོག་གིས་གཙོས་པའི་བོད་མིའི་དབུ་ཁྲིད་ཚོ་དང་མཇལ་མོལ་གནང་ཡོད་པ་རེད།
སྐུ་ཞབས་ཇེམ་སི་མེག་གྷ་ཝི་རན་མཆོག ༡༩༩༧ ལོ་ནས་ད་བར་དུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཡོད་ལ། ཁོང་ནི་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ལྷན་ཁང་གི་འགན་འཛིན་ཡིན། སྐུ་ཞབས་ཇེམ་སི་གྷ་ཝི་རན་ལགས་ཀྱི་ལྷག་བསམ་རྣམ་དག་དང་སྙིང་སྟོབས་ཆེན་པོས་བོད་དོན་ལ་རྒྱབ་སྐྱོར་གནང་སྟབས། ད་ལོའི་ཟླ ༧ པའི་ཚེས ༣༡ ཉིན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་སྐུ་ཞབས་ཇེམ་སི་གྷ་ཝི་རན་གྱིས་རྒྱ་ནག་གི་ནང་སྲིད་ལ་རྟག་པར་ཐེ་གཏོགས་བྱས་ཏེ་རྒྱ་ནག་གི་བདག་དབང་དང་བདེ་འཇགས། ཁེ་ཕན་ལ་གནོད་པ་བྱས་ལུགས་བསྙད་ནས་ཉེས་ཆད་བཅད་དེ་རྒྱ་ནག་ན་ཡོད་པའི་ཁོང་གི་རྒྱུ་ནོར་བཀག་སྡོམ་བྱེད་རྒྱུ་དང་། ཁོང་དང་ཁོང་གི་ནང་མི་རྒྱ་ནག་ནང་ཡོང་མི་ཆོག་བཅས་ཐག་གཅོད་བྱས་ནས་ད་ལོའི་ཟླ ༨ པའི་ཚེས ༡ ནས་ལག་ལེན་དུ་བསྟར་ཡོད་པ་རེད། དེའི་ལན་དུ་སྐུ་ཞབས་ཇེམ་སི་མེག་གྷ་ཝི་རན་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱས་ཉེས་ལ་ངོ་རྒོལ་བྱས་པ་ཁག་མཐོང་འདོད་མེད་ན། བོད་མིར་གཉའ་གནོན་བྱེད་རྒྱུ་མཚམས་བཞག་ནས་འགྲོ་བ་མའི་ཐོབ་ཐང་གི་གནས་སྟངས་ཇེ་བཟང་ལ་ཐོངས། རྒྱ་ནག་གཞུང་གི་ཁོང་ཚོའི་ལྟ་སྤྱོད་དང་ཐ་དད་ཡིན་པ་ཚང་མའི་ཁ་འགོག་འདོད་ཡོད་མོད། འོན་ཀྱང་འཛམ་གླིང་ཧྲིལ་བོས་ཁྱོད་ཚོའི་བྱ་སྤྱོད་མཐོང་ཡོད། འགྲོ་བ་མིའི་ཐོབ་ཐང་གི་ཐད་ང་མ་གྲག་པར་འདུག་མི་སྲིད། འགྲོ་མིའི་ཐོབ་ཐང་གི་དོན་ལ་འབད་བརྩོན་བྱེད་རྒྱུ་དེ་ངའི་གཟི་བརྗིད་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།