སྲིད་སྐྱོང་མཆོག་ནས་སུད་སིའི་ནང་བོད་མི་༥༠༠༠ལྷག་ལ་གསུང་བཤད།
2013.04.15

༄༅༎ཕྱི་ལོ་ ༢༠༡༣ ཟླ ༤ ཚེས་ ༡༤ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སུད་སི་དང་liechtensteinགཉིས་ནང་གནས་སྡོད་བོད་མི་༥༠༠༠ཙམ་ལ་བཀའ་སློབ་གསུང་བཤད་གནང་གྲུབ་པའི་རྗེས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དེར་འཛོམས་པའི་བོད་མི་ཚོར་གསུང་བཤད་གནང་ཡོད་པའི་སྐོར། སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གནས་ཚུལ་བཏང་གནང་འདུག།
སྲིད་སྐྱོང་མཆོག་གིས་གསུངས་དོན། སུད་སི་གཞུང་དམངས་གཉིས་ནས་བོད་མི་སྐྱབས་བཅོལ་བ་ཚོར་༡༩༦༠ནས་བཟུང་རྒྱབ་སྐྱོར་རོགས་རམ་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་། བོད་མི་ཚོས་སུད་སི་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་ཞུས་ནས་ཉིན་རེའི་འཚོ་བའི་ནང་ཡ་རབ་བཟང་སྤྱོད་ལྡན་པའི་མི་ཞིག་བྱ་དགོས་པའི་སྐུལ་མ་གནང་འདུག།
དེ་བཞིན་སྲིད་སྐྱོང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་ཡིན་པ་བསྐྱར་ནན་གནང་བ་དང་སྦྲགས། དབུ་མའི་ལམ་ལ་འཛམ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་རྒྱབ་སྐྱོར་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་རྒྱ་མི་རིགས་ཀྱི་མཁས་པ་དང་རྩོམ་པ་པོ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།