སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག
2017.12.07
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༦་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ (Capitol Hill)་ལམ་ཨ་རིའི་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆཌ་སྒེར་(Richard Gere)རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའུ་མེ་ཁ་ཆི་(Matteo Mecacci)་ སོགས་དང་ལྷན་དུ་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་(Marco Rubio)་ མཆོག་དང་། ལིན་སེ་གྷྲ་ཧམ་(Lindsey Graham)་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་དོན་དང་འབྲེལ་བའི་གནད་དོན་ཁག་སྤྱི་དང་། ཡང་སྒོས་ཨ་རིའི་གཞུང་གི་འཆར་ལོའི་སྔོན་རྩིས་ནང་བོད་དོན་དང་འབྲེལ་བའི་རོགས་དངུལ་མུ་མཐུད་ཐོབ་ཐབས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་བཞག་ཡོང་རྒྱུ། དེ་བཞིན་ཨ་རྒྱ་ཡུལ་གཉིས་དབར་ཕན་ཚུན་འདྲ་མཉམ་ཐོག་གོ་སྐབས་བརྗེ་ལེན་(Reciprocal Access to Tibet)་བྱ་རྒྱུའི་ཆ་རྐྱེན་མུ་མཐུད་རྒྱ་ནག་གཞུང་ལ་གདོན་དགོས་པ། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་བཅས་ཀྱི་སྐོར་གོ་བསྡུར་གནང་ཡོད་ལུགས་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
སྲིད་སྐྱོང་མཆོག་ཕྱི་ཚེས་ ༦ ་ནས་ ༨ ་བར་ཉིན་གྲངས་གསུམ་རིང་རྒྱལ་ས་ཝ་ཤིན་ཊོན་ཌི་སི་ཁུལ་གྱི་གཞུང་གི་དཔོན་རིགས་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་མུ་མཐུད་གནང་ནས་བོད་དོན་ཞུ་གཏུག་གི་ལས་དོན་རྣམས་གྲུབ་མཚམས་ཕྱི་ཚེས་ ༨ ་ཉིན་ནིའུ་ཡོག་ཏུ་ཕེབས་ཐོན་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༨ ་འཁོར་བའི་དུས་དྲན་མཛད་སྒོ་དང་། བོད་དོན་གདུང་སེམས་མཉམ་སྐྱེའི་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག
གསར་འགོད་པ་འཆི་མེད།