སྲིད་སྐྱོང་མཆོག་གིས་རྡ་སར་ཕེབས་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་མཇལ་མོལ།

འདི་ཚེས་༢༢ཉིན་གོ་ལའི་ཉིན་མོ་ཡིན་པ་དང་བསྟུན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ཡོ་རེཀ་(Eurac research)་ཉམས་ཞིབ་བསྟི་གནས་ཁང་བཅས་ཐུན་མོང་གིས་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལར་ང་ཚོའི་འབྱུང་འགྱུར་གྱི་ཆེད་གོ་བསྡུར་དང་གནམ་གཤིས་འགྱུར་ལྡོག་གི་ཆེད་འབོད་སྐུལ་ཞེས་བའི་བརྗོད་གཞིའི་འོག་འཛམ་གླིང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཚོགས་འདུ་ཞིག་འཚོགས་བཞིན་པ་དང་། ཕྱི་ཚེས་༢༠རེས་གཟའ་ལྷག་པའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ཀྱིས་ད་རེས་ཁོར་ཡུག་གི་ཚོགས་འདུར་ཕེབས་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་། ཚན་རིག་པ། དེ་བཞིན་ཁེ་ལས་པ་བཅས་ཡོད་པ་རྣམས་དང་མཇལ་འཕྲད་ཀྱིས་བོད་གཙོས་འཛམ་གླིང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་ཐད་གླེང་མོལ་གནང་འདུག
དེའི་རྗེས་སྲིད་སྐྱོང་མཆོག་སྤྱི་ཟླ་༤བའི་ཚེས་༢༡ཉིན་རྡ་ས་ནས་ཐོན་ཏེ་གཞུང་དོན་ཕྱོགས་ཕེབས་ཀྱིས་ཇར་མན་ནིའི་བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། མང་ཚོགས་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་ཨ་རི་དང་ཁེ་ཎ་ཌར་གནད་ཡོད་མི་སྣ་དང་མཇལ་འཕྲད་དང་། ཚོགས་འདུ་ཁག་ཅིག་ལ་མཉམ་ཞུགས། བོད་མི་ཚོར་མཇལ་འཕྲད་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།