སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་དང་མཇལ་མོལ་གནང་འདུག
དེ་ཡང་ཉིན་འདི་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༢༧ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་དང་བོད་དོན་གཏམ་བཤད་སྐབས། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་མི་ཚོས་ནུས་པ་མཉམ་སྤུངས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་གདོང་ལེན་གནང་དགོས་ཚུལ་གྱི་དགོངས་ཚུལ་ཤུགས་ཆེར་གསུངས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས། ང་ཚོའི་ཁ་གཏད་དེ་སྟོབས་ཆེན་པོ་ཡིན་པ་ཚང་མས་ཤེས་ཀྱི་ཡོད་ན། ང་ཚོ་ཚང་མས་ནུས་པ་མཉམ་དུ་སྤུངས་མ་ཐུབ་པ་ཡིན་ན་ཕར་ཕྱོགས་ལ་གདོང་ལེན་བྱ་རྒྱུ་ཁག་པོ་ཆགས་ཀྱི་རེད། ནང་ཁུལ་གྱི་མི་མཐུན་པའི་བསམ་ཚུལ་ཁག་ཕར་ལ་བཞག་ནས་ཚང་མས་མཐུན་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག
གཞན་ད་དུང་སྲིད་སྐྱོང་མཆོག་གིས་ཉིན་དེར་ཨ་རིའི་གཞུང་གི་མི་འབོར་དང་སྐྱབས་བཅོལ་ལས་དོན་ཐད་ཀྱི་གནད་ཡོད་དཔོན་རིགས་དང་གྲོས་ཚོགས་འཐུས་མིའི་ལས་བྱེད་མི་སྣ། དེ་བཞིན་(USAID)ཞེས་པའི་ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཨ་རིའི་གཞུང་གིས་ད་བར་དུ་བོད་མི་སྐྱབས་བཅོལ་བར་རོགས་དངུལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་སྦྲགས་མ་འོངས་ལས་འཆར་སོགས་ཀྱི་སྐོར་ལའང་བཀའ་མོལ་རབ་དང་རིམ་པ་བྱུང་ཡོད་མ་ཟད། གྲོས་ཚོགས་འཐུས་མིའི་ལས་བྱེད་ཚོ་ནི་ཆབ་སྲིད་ཀྱི་ངོས་ཐད་ནས་གལ་གནད་ཆེན་པོ་ཆགས་ཡོད་པ་དགོས་པ་རྒྱུ་མཚན་ལ་གཟིགས་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་ཕྱག་ལས་གནང་སྟངས་དང་དགོངས་པ་བཞེས་སྟངས། དེ་བཞིན་རོགས་དངུལ་བེད་སྤྱོད་གཏོང་སྟངས་བཅས་པ་སྙན་སེང་ཞུས་ཡོད་པ་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་འདུག
ཐེངས་འདིའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཨ་རིའི་ནང་གི་གཞུང་འབྲེལ་འཚམས་གཟིགས་འདི་བཞིན་ཁོང་སྲིད་སྐྱོང་དུ་འོས་འདེམས་བྱུང་བའི་རྗེས་ཨ་རིའི་ནང་འཚམས་གཟིགས་ཐོག་མ་དེ་ཡིན་པ་དང་། དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ལགས་ཀྱིས་མགྲོན་འབོད་ལྟར་ཕེབས་ཡོད་པ་རེད་འདུག་ལ། འདི་ཚེས་༢༨ཉིན་རྣམ་པ་གཉིས་མཇལ་མོལ་གནང་འཆར་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།