སྲིད་སྐྱོང་མཆོག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་མོལ་གནང་རྒྱུ་ཡིན་འདུག

2023.05.09
སྲིད་སྐྱོང་མཆོག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་མོལ་གནང་རྒྱུ་ཡིན་འདུག སྲིད་སྐྱོང་མཆོག་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིམ་ལར་འཚམས་གཟིགས་གནང་བཞིན་པ། ༠༥།༠༩།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་ཆར་ཡོ་རོབ་ནང་གི་གཞུང་དོན་འཚམས་གཟིགས་ཀྱི་མཛད་རིམ་ཁག་འགྲུབ་སྟེ། ཕྱིར་རྒྱ་གར་དུ་ཕེབས་འབྱོར་བྱུང་ཡོད་པ་ལྟར། སྤྱི་ཟླ་༥པའི་ཚེས་༩ནས་༡༧བར། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་། ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས་རྣམ་གཉིས་མཉམ་དུ་སྲིད་སྐྱོང་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་ཏུ་གཟིགས་ཞིབ་གནང་གི་ཡོད་པ་དང་། ཚེས་༩ཉིན་སྲིད་སྐྱོང་མཆོག་ཧི་མཱ་ཅལ་མངའ་སྡེའི་སིམ་ལར་ཕེབས་འབྱོར་གྱིས། སིམ་ལ་སཾ་བྷོ་གཏན་སློབ་ཏུ་གཟིགས་སྐོར་དང་མཉམ་དེ་གའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྷན་བཅར་གནང་མཁན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས། རིང་མིན་སྤྱི་ཟླ་༥པའི་ཚེས་༡༢ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Sukhvinder Singh Sukhu)་ལགས་དང་། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་(Shiv Pratap Shukla)་ལགས་སོགས་དང་མཇལ་འཕྲད་གནང་གཏན་འཁེལ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Sikyong ་Shimla (1).jpg
ཡང་སིམ་ལ་སྤྱི་ཁྱབ་ཟུང་དྲུང་ཚེ་དབང་ཕུན་ཚོགས་ལགས་ནས། བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་དྲ་ལམ་དུ་གསུངས་པ་ལྟར་ན། ད་རེས་སྲིད་སྐྱོང་མཆོག་རྒྱ་གར་གྱི་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་ནས། གཙོ་བོ་ཧི་མ་ལ་ཅལ་མངའ་སྡེ་ནང་གི་བོད་མི་གནས་སྡོད་ཀྱི་ས་ཆའི་དཀའ་རྙོག་ཐོག་བདེ་སྡུག་ཞུ་ཆེད་ཡིན་པ་འགྲེལ་བརྗོད་གནང་ཡོད་ཅིང་། གཞན་ཡང་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ནས་སྤྱི་ཟླ་༥པའི་ཚེས་༡༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སིམ་ལའི་ནང་གི་ཇོ་ནང་རྟག་བརྟན་མ་དགོན་དང་རྙིང་མའི་རྡོ་རྗེ་བྲག་དགོན་པ་བཅས་སུ་ཕེབས་རྒྱུ་དང་། སྤྱི་ཚེས་༡༡ནས་ཁ་འཐོར་གཞིས་ཆགས་ཁག་ཅིག་ཡོད་པར་གཟིགས་ཞིབ་དང་ཁྲོམ་ས་ཁག་ཏུ་མི་མང་ལ་ཐུག་འཕྲད་གསུང་བཤད་གནང་རྒྱུ་ཡིན་པ་སོགས་ཀྱང་འགྲེལ་བརྗོད་གནང་འདུག
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སིམ་ལའི་ནང་གི་མཛད་འཆར་ཁག་འགྲུབ་པ་དང་། མ་ནཱ་ལི་དང་མཎ་ཊི། བཀྲ་ཤིས་ལྗོངས་སོགས་སུ་ཕེབས་ནས་གཟིགས་ཞིབ་གནང་གི་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སུ་བོད་མི་འདུས་སྡོད་ཁག་ཏུ་གཟིགས་ཞིབ་བསྐོར་བསྐྱོད་གནང་གྲུབ་ཡོད་ནའང་། གོང་གསལ་ས་གནས་ཁག་ནི་ལྷག་བསྡད་པའི་གྲས་ཡིན་པས་བསྐོར་བསྐྱོད་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་ལྷོ་བྱང་གི་མངའ་སྡེ་འདྲ་མིན་ཁག་ནང་། བོད་མིའི་གཞིས་སྒར་དང་ཁ་འཐོར་གཞིས་ཆགས་བཅས་སུ་འདུས་སྡོད་འཚོ་གནས་གནང་གི་ཡོད་ནའང་། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་རུ་བོད་མིའི་གཞིས་ཆགས་དང་དགོན་སྡེ། སློབ་གྲྭ་ཁག་མང་པོ་ཡོད་པ་མ་ཟད། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་དབུས་ལྷན་ཁང་ཁག་གཙོ་བོར་ཆགས་ཡུལ་དུ་གྱུར་ཡོད་པས། མངའ་སྡེ་དེ་ནི་མངའ་སྡེ་གཞན་དང་མི་འདྲ་བའི་གནད་འགག་ཆེན་པོ་ཆགས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎