སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་རྣམས་མ་འོངས་པར་སྤྱི་པའི་འགན་འཁུར་མཁན་གྱི་འགོ་ཁྲིད་ཆགས་ཐུབ་དགོས་པ་གསུངས་འདུག

2023.05.10
སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་རྣམས་མ་འོངས་པར་སྤྱི་པའི་འགན་འཁུར་མཁན་གྱི་འགོ་ཁྲིད་ཆགས་ཐུབ་དགོས་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིམ་ལར་འཚམས་གཟིགས་གནང་བཞིན་པ། ༠༥།༡༠།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་ཆར་ཡོ་རོབ་ནང་གི་གཞུང་དོན་འཚམས་གཟིགས་ཀྱི་མཛད་རིམ་ཁག་འགྲུབ་སྟེ། ཕྱིར་རྒྱ་གར་དུ་ཕེབས་འབྱོར་བྱུང་ཡོད་པ་ལྟར། སྤྱི་ཟླ་༥པའི་ཚེས་༩ནས་༡༧བར། སྲིད་སྐྱོང་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་ཏུ་གཟིགས་ཞིབ་གནང་བཞིན་ཡོད་པ་ལྟར། ཚེས་༩ཉིན་སྲིད་སྐྱོང་མཆོག་ཧི་མཱ་ཅལ་མངའ་སྡེའི་སིམ་ལར་ཕེབས་འབྱོར་གྱིས། སིམ་ལ་སཾ་བྷོ་གཏན་སློབ་ཏུ་གཟིགས་སྐོར་དང་མཉམ་དེ་གའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ཏུ་འཕགས་བོད་གཉིས་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྐོར་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་གསུངས་གནང་བ་དང་། ད་དུང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ཕྱི་དངོས་པོའི་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པ་དེས་རང་བཞིན་གྱིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་འགྲོ་བཞིན་པ་མ་ཟད། བོད་ནས་ཐོན་པའི་གཙང་ཆུ་ཆེ་ཁག་གི་ཐོག་ཆུ་མཛོད་བརྒྱབ་སྟེ་ཆུའི་བཞུར་འགྲོས་ལ་བསྒྱུར་བ་བཏང་རྐྱེན་དེའི་གཤམ་འོག་ཏུ་གནས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་མི་ཙམ་མ་ཡིན་པར་ཨེ་ཤེ་ཡ་སྤྱིའི་བདེ་སྡུག་ལ་འབྲེལ་བ་ཡོད་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་བ་དང་མཉམ་དུ། གཞོན་སྐྱེས་རྣམས་མ་འོངས་པར་སྤྱི་པའི་འགན་འཁུར་མཁན་གྱི་འགོ་ཁྲིད་ཆགས་ཐུབ་དགོས་པའི་ལམ་སྟོན་གནང་ཡོད་འདུག

sikyong penpa tsering shimla (2).jpg
ཚེས་༡༠ཉིན་སྲིད་སྐྱོང་མཆོག་སིམ་ལར་རྟེན་གཞི་བྱས་པའི་དཔལ་ལྡན་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དགོན་པར་གནས་གཟིགས་ཕེབས་གནང་ཡོད་པ་དང་། དེ་ནས་རྡ་སའི་རྣམ་རྒྱལ་གྲྭ་ཚང་གི་གཟིགས་སྐྱོང་འོག་ཡོད་པའི་སིམ་ལར་རྟེན་གཞི་བྱས་པའི་རྒན་གསོ་ཁང་དང་། ཁ་འཐོར་བོད་མི་གནས་སྡོད་སངས་རྒྱས་ཆོས་གླིང་གྲོང་སྡེ། རང་བཙན་གྲོང་སྡེ་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། སྐབས་དེར་སིམ་ལ་ཁུལ་གྱི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་སྐུ་ཞབས་(Anup Vaid)་ལགས་ཀྱིས་འཚམས་འདྲི་ཞུས་གནང་ཡོད་འདུག

sikyong penpa tsering shimla (3).jpg
ཉིན་རྒྱབ་སིམ་ལར་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་གནས་གཟིགས་དང་། སྔ་འགྱུར་བསྟན་པའི་མངའ་བདག་༧སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཇལ་ཕྱག་ཞུས་གནང་བ་དང་། དེ་ནས་སིམ་ལ་སྤྱི་ཁྱབ་ལས་ཁུངས་དང་། ས་འཐུས་ལས་ཁུངས། ས་གནས་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས། བུ་བཅོལ་ཁང་། དབྱངས་ཅན་དགའ་ཚལ་གླིང་གཞིས་ཁག་གསུམ། ས་གནས་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་དང་ལྷན་སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གཙོས་པའི་ས་འགོ་ལས་ཁུངས་ཀྱི་ལས་བྱེད་དང་། དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་། ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་བཅས་ལྷན་བཅར་ཞུས་གནང་ཡོད་འདུག

sikyong penpa tsering shimla (1).jpg
སྲིད་སྐྱོང་མཆོག་གིས་ད་རེས་ཧི་མ་ཅཱལ་མངའ་སྡེའི་ནང་གཟིགས་སྐོར་དང་མཉམ་ཚེས་༡༢ཉིན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Sukhvinder Singh Sukhu)་ལགས་དང་། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་(Shiv Pratap Shukla)་ལགས་སོགས་དང་མཇལ་འཕྲད་གནང་གཏན་འཁེལ་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎