བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་སོགས་པ་སྲུང་སྐྱོབ་རྒྱུན་འཁྱོངས་མ་ཐུབ་ན་ལོ་རྒྱུས་ཐོག་ནག་ཉེས་ཅན་ཆགས་སྲིད། སྲིད་སྐྱོང་མཆོག་གིས།

དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་གི་ནང་ཡོད་པའི་གྲོང་སྡེ་དང་། དགོན་སྡེ། ཚོགས་སྡེ་ཁག་བཅས་ཀྱི་སྡེ་ཚན་སོ་སོའི་ནང་གནས་སྟངས་རྒྱུས་ལོན་ཆེད་གཞུང་འབྲེལ་འཚམས་གཟིགས་གནང་གི་ཡོད་པ་ལྟར། འདི་ཚེས་༩ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འབྱོར་བྱུང་ཏེ་གཞིས་ཆགས་དེའི་ནང་ཡོད་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཙོས་པས་ཉེ་འཁོར་གདན་ས་གྲ་ཚང་ཁག་དྲུག་གི་ནང་མཆོད་མཇལ་དང་མཉམ་འཚམས་གཟིགས་གནང་ཡོད་པ་དང་། ཉིན་དེའི་དགོང་དྲོ་འབྲས་སྤུངས་བླ་སྤྱི་རུ་འབྲས་སྤུངས་ཁྲི་པ་མཆོག་གི་དབུས། གདན་ས་གྲ་ཚང་ཁག་གི་མཁན་བླ་དགེ་འདུན་འདུས་ཚོགས་སུ་སྲིད་སྐྱོང་མཆོག་གིས་སྐབས་བཅུ་དྲུག་པའི་བཀའ་ཤག་གི་མཛད་ཇུས་དང་དང་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་བོད་མི་ཚོས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་ལ་སོགས་པ་སྲུང་སྐྱོབ་བྱས་ཡོད་པ་དེ་ང་ཚོས་རྒྱུན་འཁྱོངས་མ་ཐུབ་པ་ཡིན་ན། ང་ཚོ་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཆགས་སྲིད་པས། ཚང་མས་བསླབ་པ་སློབ་གཉེར་ལ་ཧུར་བཙོན་དང་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་གལ་ཆེ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་དེང་རབས་དང་བསྟུན་ཡུལ་སྐོར་སྤྲོ་འཆམ་ཡར་རྒྱས་གཏོང་རྒྱུ་དང་། ནང་ཆོས་ཀྱི་གོ་རྟོགས་སྤེལ་བ་བརྒྱུད་བོད་དོན་ཐོག་ཤ་ཚ་རྒྱབ་སྐྱོར་ཐོབ་ཐབས་སུ། བོད་བརྒྱུད་ནང་པའི་དགོན་སྡེ་ཁག་གི་ལྷ་སྐུ་རྟེན་གསུམ་གྱི་སྐོར་སྐད་རིགས་འདྲ་མིན་ཐོག་ངོ་སྤྲོད་བྱ་ཐུབ་པའི་མཉེན་ཆས་བཟོ་རྒྱུའི་འཆར་གཞི་ཡོད་པ་སོགས་གསུངས་སོང་།
དེ་མིན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་འཚོ་གནས་ཐུབ་ཐབས་སུ་ལས་འཆར་ཁག་བང་སྒྲིག་རྒྱུའི་འཆར་གཞི་ཡོད་པ་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ། རྒྱ་གར་གཞུང་དམངས་གཉིས་ནི་བོད་མི་བཙན་བྱོལ་བ་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པས་དེ་ཤེས་བའི་ཐོག་ནས་བཀའ་དྲིན་དྲན་ཤེས་དང་ཡུལ་ཁྲིམས་སྲུང་དགོས་བ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་ཚོགས་ཞུགས་པ་ཁག་ཅིག་གིས་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་གནང་སོང་།
འདི་ཚེས་༡༠ཉིན་སྲིད་སྐྱོང་མཆོག་གིས་གདན་ས་ཆེན་པོ་དགའ་ལྡན་གྱི་གཙོས་དེའི་ཉེ་འཁོར་གྱི་དགོན་སྡེ་ཁག་ལ་མཆོད་མཇལ་དང་མཉམ་འཚམས་གཟིགས་གནང་ནས། དགའ་ལྡན་བླ་སྤྱི་རུ་གྲྭ་ཚང་དེ་དག་གི་མཁན་བླ་དགེ་འདུན་པ་འདུས་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མཛད་ཇུས་དང་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་། ད་དུང་གཞིས་གྲོང་ཁག་དང་སྡེ་ཚན་ཁག་ལ་ཡང་གཟིགས་སྐོར་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།