སྲིད་སྐྱོང་མཆོག་གིས་བྷ་ར་ཛིལ་གྱི་སའོ་པོ་ལོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་མོལ་གནང་འདུག

2023.10.03
སྲིད་སྐྱོང་མཆོག་གིས་བྷ་ར་ཛིལ་གྱི་སའོ་པོ་ལོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་མོལ་གནང་འདུག སྲིད་སྐྱོང་མཆོག་གིས་བྷ་ར་ཛིལ་གྱི་སའོ་པོ་ལོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་མོལ་སྐབས། ༡༠།༠༢།༢༠༢༣
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༢ཉིན་སྲིད་སྐྱོང་མཆོག་ལྷོ་ཨ་མི་རི་ཀའི་ནང་གི་རྒྱལ་ཁབ་ཆེ་གྲས་བྷ་ར་ཛིལ་(Brazil)་གྱི་སའོ་པོ་ལོ་(Sao Paulo)་མངའ་སྡེའི་གྲོས་ཚོགས་ནང་ཕེབས་ནས། གྲོས་ཚོགས་ཀྱི་ཚོགས་གཙོ་(Andre Do Prado)་ལགས་དང་། ཚོགས་གཞོན་(Gil Dinuz) དེ་བཞིན་ མངའ་སྡེའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དྲུང་ཆེ། གྲོས་ཚོགས་འཐུས་མི་(Paulo Fiorilo)་ལགས་དང་། (Rui Alves)ལགས། ཆབ་སྲིད་ཚོགས་པ་ཁག་གསུམ་གྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་བཅས་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ཆུ་ཚོད་གཅིག་ལྷག་རིང་མཇལ་མོལ་སྐབས། སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ༧གོང་ས་མཆོག་གི་དགོགས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་ངོ་སྤྲོད་གནང་ཞོར་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་བ་དང་མཉམ། རྒྱ་ནག་གཞུང་གིས་བྷ་ར་ཛིལ་ནང་མ་འཛུགས་ལས་གཞིའི་ཐད་བྷ་ར་ཛིལ་དབུས་གཞུང་དང་ས་གནས་གཞུང་གིས་དོགས་ཟོན་གནང་གལ་ཆེ་བ་དང་། མང་གཙོའི་ལམ་ལུགས་ལྡན་པའི་བྷ་ར་ཛིལ་གྱིས་རྒྱ་ནག་དང་འབྲེལ་ལམ་གནང་སྐབས། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཁག་སྣང་མེད་མི་གཏོང་བར་རྒྱ་ནག་ལ་བདེན་པ་དག་སྐྱེལ་གནང་གལ་ཆེ་བ་དང་བོད་དོན་གླེང་སློང་ཡོང་བའི་རེ་སྐུལ་གནང་ཡོད་པ་ལྷོ་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སྲིད་སྐྱོང་མཆོག་མངའ་སྡེ་དེའི་གྲོས་ཚོགས་ནང་ཕེབས་སྐབས། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། (Longevidade Expo+Forum)་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Walter Feldman)་ལགས། བྷ་ར་ཛིལ་བོད་ཁང་གི་གཙོ་འཛིན་བླ་མ་རིན་ཆེན་མཁན་རབས་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་(Sandra Fernandes Erickson)་སོགས་ལྷན་བཅར་ཞུས་འདུག

Sikyong in Brazil (1).jpg
ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་(Sao Paulo)་ས་གནས་གྲོང་ཁྱེར་གྱི་འགྲོ་བ་མི་ཐོབ་ཐང་ཚན་པའི་དྲུང་ཆེ་(Soninha Francine)་ལགས་དང་། གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་འབྲེལ་བའི་དྲུང་ཆེ་(Gilbert Natalini)་བཅས་དང་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་མཇལ་མོལ་གནང་ཡོད་པ་དང་། དེ་ནས་(Sao Paulo)་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་དང་འབྲེལ་བོད་དོན་གཏམ་བཤད་གནང་ཡོད་པ་རེད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་སུ། ལྷོ་ཨ་མི་རི་ཀའི་གྱི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་དེ་(Brazil)་གྱི་དཔལ་འབྱོར་གྱི་གྲོང་ཁྱེར་ཆེན་མོ་དང་ལྷོ་ཨ་མི་རི་ཀའི་ནང་མི་འབོར་མང་ཤོས་ཡོད་པའི་གྲོང་ཁྱེར་(Sao Paulo)་ནས་དབུ་འཛུགས་གནང་ཡོད་པ་རེད།
རིམ་པས་སྲིད་སྐྱོང་མཆོག་གིས་ཚེས་༣་ནས་༤བར་ཀོསུ་ཊ་རི་ཀ་(Costa Rica) ཚེས་༥ནས་༦བར་ཀོ་ལོམ་བྷི་ཡ་(Colombia) ཚེས་༧ནས་༡༡་བར་མེག་སི་ཀོ་(Mexico)་བཅས་ཀྱི་ནང་གཞུང་དོན་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།
དེ་ནས་སྲིད་སྐྱོང་མཆོག་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་ལྟར། བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། ད་རེས་སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་དོན་ཕྱོགས་ཕེབས་རིང་། དེ་སྔ་བཅར་མེད་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་བརྒྱུད་ལམ་ཁག གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎