ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་འདུག

2023.10.19
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་མཇལ་མོལ་སྐབས། ༡༠།༡༨།༢༠༢༣
RFA

དེ་ཡང་ཕྱི་ཚེས་༡༨ཉིན། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Mike Gallagher)་ལགས་དང་། ཚོགས་མི་(Raja Krishnamoorthi)་ལགས་རྣམ་པ་གཉིས། ཨ་རིའི་རྒྱལ་སར་གཞུང་དོན་འཚམས་གཟིགས་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་(Richard Gere)་ལགས། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་བཅས་དང་མཇལ་མོལ་གནང་བ་དང་། སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་བའི་རྒྱབ་སྐྱོར་འཚོལ་ཕྱོགས་དང་འབྲེལ་བའི་ཐད་བཀའ་བསྡུར་དང་ཞུ་སྐུལ་གནང་རྗེས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་བོད་ནང་དྲག་གནོན་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་འབྲེལ་དྲག་གནོན་འོག་གི་བོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།
བསྒྲགས་གཏམ་དེའི་ནང་། འདས་པའི་ལོ་མང་རིང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་འཇིགས་སུ་རུང་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ཡོད་པ་དང་། དེ་ཡང་གང་བྱུང་བཙོན་འཇུག་དང་བཀག་ཉར། སྡུག་སྦྱོར་མནར་གཅོད་བཏང་བ། བོད་ཕྱི་ལ་ཡོད་པའི་བོད་པ་ཚོ་ལ་བསུན་གཙེར་དང་གནོན་ཤུགས་སྤྲོད་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་པ་ཐེར་འདོན་དང་། ཉེ་བའི་ཟླ་ཤས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་མིའི་ཐོབ་ཐང་ཐོག་དྲག་གནོན་ཇེ་ཆེར་བཏང་བ་དང་། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་ལམ་ལུགས་ཐད་ཐེ་ཇུས་བྱེད་བཞིན་པ། བོད་མི་རྣམས་ཀྱི་ཁྲག་རིགས་རྒྱུད་རྫས་བསྡུ་རུབ་བྱས་ནས་དོགས་སྲུང་བྱ་ར་བྱེད་ཤུགས་ཇེ་ཆེར་བཏང་བ་སོགས་འཁོད་པ་དང་མཉམ། རྒྱ་ནག་དམག་ཤོག་གཞུང་གིས་བོད་ནང་དྲག་གནོན་བྱེད་རྒྱུ་མཚམས་འཇོག་དགོས་པ་ནན་སྐུལ་དང་། བོད་མི་ཚང་མ་ལ་ཞི་བའི་ཐོག་ནས་འཇིགས་སྣང་མེད་པར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་དང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་ངེས་པར་སྤྲོད་དགོས། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)་ལགས་བཅས་བོད་དོན་ཐད་ཀྱི་གནད་ཡོད་མི་སྣ་ཁག་དང་མཉམ་ལས་ཀྱི་ཐོག་ནས། རྒྱ་ནག་དམག་ཤོག་གཞུང་གིས་བོད་ནང་སྡུག་རྩུབ་ཅན་གྱི་དྲག་གནོན་བྱེད་བཞིན་པར་ཞི་བའི་ཐབས་ལམ་ཞིག་འཚོལ་རྒྱུ་ངང་སྒུག་བྱེད་ཀྱི་ཡོད་ལ། བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་ཚད་མཐོ་པོ་ཡོད་པ་དང་། དེ་གང་མགྱོགས་གཏན་འབེབས་ཡོང་བའི་རེ་བ་ཆེན་པོ་གནང་གི་ཡོད་པ་གསལ་སྟོན་གནང་འདུག

Sikyong penpa tsering in DC (1).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གཏམ་བཤད་སྐབས། ༡༠།༡༨།༢༠༢༣ པར། དཔལ་ལྡན་རྒྱལ། /RFA

གཞན་ཚེས་༡༨ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་(National Press Club)་འམ་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་ཆུ་ཚོད་གཅིག་ལྷག་རིང་བོད་དོན་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གླེང་བ་དང་། རྒྱ་ནག་གིས་བོད་དེ་ཡར་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་ཡིན་པའི་སྐོར་བཤད་ཀྱི་ཡོད། རྒྱ་ནག་གི་མི་སེར་ཨ་རིའི་ནང་རང་དབང་ཐོག་ཡོང་ཆོག་ཀྱང་ཕྱི་རྒྱལ་གྱི་མི་སྣ་དང་བོད་མི་རྣམས་བོད་དུ་འགྲོ་སྐྱོད་བྱེད་པར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པས། གལ་སྲིད་བོད་ནང་དངོས་སུ་འགྲོ་བཅུག་ཚེ་བོད་དེ་བདེ་བ་ཅན་གྱི་ཞིང་ཡིན་དང་དམྱལ་བ་ཡིན་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་ཡིན་པ་གསུངས་པ་དང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ང་ཚོ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་ཆེད་དུ། བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་ནང་བཅུག་ཏེ་རྒྱ་ཡིག་རྒྱ་སྐད་དང་རྒྱའི་རིག་གཞུང་བསླབས་ནས་མི་རིགས་རྒྱ་བསྒྱུར་བྱེད་བཞིན་པ། དེ་བཞིན་ད་ལྟ་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། བོད་ཀྱི་ཤར་ཕྱོགས་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཁག་ཚང་མའི་ནང་བོད་ཡིག་གི་སློབ་ཁྲིད་མེད་པ་བཟོ་བཞིན་པ། ཐ་ན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཚང་མའི་མིང་ལ་འགྱུར་བ་བཏང་ཏེ་རྒྱ་མིང་གསར་པ་འདོགས་བཞིན་ཡོད་པ་དང་། ཉེ་བའི་ཆར་དབྱིན་སྐད་དུ་བོད་ལ་(Tibet)་ཟེར་ནས་འབོད་ཀྱི་ཡོད་པ་དེ་ལ་ཡང་བརྗེ་པོ་བརྒྱབ་ནས་རྒྱ་སྐད་ནང་(Xizang)་ཟེར་ནས་བསྒྱུར་ཐབས་བྱེད་བཞིན་པ་སོགས་གནད་དོན་མང་པོ་ཐེར་འདོན་ངོ་སྤྲོད་དང་འབྲེལ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་སྤྱི་ཚོགས་རྒྱ་ནག་གཞུང་གི་ངན་བྱུས་ལ་མགོ་མ་འཁོར་བ་གནང་དགོས་པའི་ཉེན་བརྡ་དང་། གཞན་རྒྱལ་སྤྱིའི་གསར་འགོད་པ་རྣམ་པས་འཚེ་བ་དང་དམག་འཁྲུག་གི་གནས་ཚུལ་གཅིག་པུ་མ་ཡིན་པར་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་ཡུལ་ལུང་དང་ཞི་བའི་མི་སེར་རྣམས་ཀྱི་གནས་ཚུལ་ཐད་དོ་སྣང་གིས་གསར་འགྱུར་མང་ཙམ་བཀོད་ཐུབ་ན་འཛམ་གླིང་སྤྱི་ལ་ཕན་པའི་འབོད་སྐུལ་གནང་ཡོད་པ་རེད།
ཨ་རི་ནི་བོད་ཀྱི་གནད་དོན་གྱི་ཐད་ཧ་ཅང་གལ་གནད་ཆེ་བའི་རྒྱལ་ཁབ་ཞིག་ཡིན་པ་དང་། བོད་དེ་འཛམ་གླིང་སྤྱིའི་ས་ཆའི་ཆགས་བབ་དང་ཆབ་སྲིད་ཀྱི་ཐབས་བྱུས་གང་གི་ཆ་ནས་ཀྱང་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུངས་ཏེ། བོད་ཀྱི་ས་ཁྱོན་དེ་ནི་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ཡོད་པ་དང་། བོད་མཐོ་སྒང་འཛམ་གླིང་གི་ཡང་ཐོག་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས། འཛམ་གླིང་གི་སྣེ་གསུམ་པ་ཞེས་སོགས་འབོད་ཀྱི་ཡོད་པ། བོད་མཐོ་སྒང་དང་ཁོར་ཡུག་གི་གལ་གནད་སོགས་ངོ་སྤྲོད་གནང་བ་དང་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་རེད།

Sikyong penpa tsering in DC (3).jpg
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་འདུ་འཛོམས་སར་བཀའ་སློབ་གནང་སྐབས། ༡༠།༡༨།༢༠༢༣ པར། ཀླུ་འབུམ། /RFA

གཞན་ཚེས་༡༨ཉིན་གྱི་དགོང་དྲོར། སྲིད་སྐྱོང་མཆོག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་ནས་མི་ལོ་བཅུ་དྲུག་འཁོར་བའི་དུས་ཆེན་མཛད་སྒོར་གདན་ཞུས་ལྟར་མཉམ་ཞུགས་གནང་བ་དང་མཉམ། སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་ཚོར། ད་ལྟའི་བོད་ཀྱི་གནས་སྟངས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུངས་བཀའ་ཤག་གི་ལས་དོན་གང་བྱས་སྐོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་པ། གཞན་གཞོན་སྐྱེས་རྣམ་པས་བོད་ཀྱི་སྐད་ཡིག་དང་། ལྷག་པར་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་སློབ་སྦྱོང་བྱེད་གལ་ཆེ་བ་སོགས་བཀའ་སློབ་གནང་བ་དང་མི་མང་གི་དྲི་བར་བཀའ་ལན་གནང་ཡོད་པ་རེད།


གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎