སྲིད་སྐྱོང་མཆོག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ཁུལ་དེར་གཟིགས་ཞིབ་གནང་བཞིན་འདུག
དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢ཉིན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། འདི་ཚེས་༨ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྲུ་ཀྲིང་ཁུལ་དུ་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་བོད་མིའི་གཞིས་ཆགས་ཁག་གཙོས་ཁུལ་དེར་ཉིན་གསུམ་རིང་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་འགྲུབ་ནས། ཀྲུ་ཀྲིང་ནས་མངའ་སྡེ་གཞུང་གི་ཐད་འཕུར་གནམ་གྲུ་བརྒྱུད་ཀ་ལཀ་ཐང་(Kalaktang)་དུ་ཕེབས་པ་དང་། དེ་ནས་རླངས་འཁོར་བརྒྱུད་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་འདུག སྐབས་དེར་ས་གནས་འགོ་འཛིན་དང་། ས་གནས་རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་(Karma Leki, DC of West Kameng)་ལགས། ལྕམ་(Anu Bamin, ADC)ལགས། ཉེན་རྟོག་སྤྱི་ཁྱབ་(Kekdam Lingo, SP)་ལགས། དེ་བཞིན་ས་གནས་ཁྱབ་ཁོངས་ལས་ཁུངས་ཁག་དང་། དགོན་སྡེའི་སྐུ་ཚབ། མང་ཚོགས་བཅས་ནས་ཕེབས་བསུ་སྣེ་ལེན་གནང་འདུག
ཉིན་དེ་རང་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བསྟན་འཛིན་སྒང་གཞིས་ཆགས་སུ་དཔལ་ལྡན་རྒྱུད་སྟོད་གྲ་ཚང་དུ་མཆོད་མཇལ་དང་མཉམ། འཚོ་རྟེན་ཀི་ཝི་དང་། ཀུ་ཤུའི་ཞིང་ཁ་དང་ཀུ་ཤུའི་འདེབས་ལས་ལས་གཞི་བཅས་ལ་འཚམས་གཟིགས་གནང་ཡོད་པ་དང་། དེ་ནས་བསྟན་འཛིན་སྒང་ས་གནས་འགོ་འཛིན་གཙོས་གནད་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ད་ཐེངས་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། དེ་བཞིན་མངའ་སྡེའི་གཞུང་ཕྱོགས་ནས་སྐུ་སྲུང་སོགས་ཕྱོགས་གང་ཐད་ནས་མཐུན་འགྱུར་རོགས་རམ་ཆ་ཚང་གནང་བཞིན་པས་འཚམས་གཟིགས་ཡག་པོ་ཡོང་བཞིན་པ་གསུང་ཡོད།
ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ནི། ཁོང་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཁུལ་དེར་འཚམས་གཟིགས་གནང་བ་ཐོག་མ་ཡིན་པ་དང་། རིམ་པས་འབུམ་སྡེ་ལ་དང་མོན་རྟ་དབང་། ལྡི་མ་པུར་དང་ཤེས་ལོང་བཅས་སུ་འཚམས་གཟིགས་དང་། ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།