རྒྱ་ནག་གཞུང་གིས་ཨོསི་ཊརེ་ལི་ཡ་དང་ནིའུ་ཛི་ལེན་ཌི་ནང་ཐབས་ཤེས་སྣེ་མང་གིས་སིམ་འཛུལ་བྱེད་མུས་ཡིན་པ་དེར་གདོང་ལེན་བྱེད་དགོས་སྐོར་སིཌ་ནི་བོད་རིགས་མང་ཚོགས་ལ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེན་ཌིའི་ནང་ཉིན་གྲངས་གཉིས་རིང་གི་གཞུང་འབྲེལ་འཚམས་གཟིགས་ཁག་གྲུབ་པའི་རྗེས་སྤྱི་ཟླ་༦པའི་ཚེས་༡༧ཉིན་གྱི་སྔ་དྲོ་ཨོསི་ཊརེ་ལི་ཡར་ཕེབས་འབྱོར་བྱུང་འདུག་ཅིང། སིཌ་ནི་གནམ་ཐང་དུ་ཨོ་གླིང་དོན་གཅོད་ཀརྨ་སེང་གེ་ལགས་གཙོས་པའི་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པ་དང་། སེར་སྐྱ་ཕོ་མོ་རྣམས་ཀྱིས་ཕེབས་བསུ་ཞུས་པའི་རྗེས། སིཌ་ནི་རིག་གནས་སྐྱེད་ཚལ་ཁང་དུ་གཟིགས་སྐོར་དང་སློབ་མ་རྣམས་ལ་གསུང་བཤད་གྲུབ་སྟེ། ཕྱི་དྲོ་སིཌ་ནི་རུ་རྟེན་གཞི་བྱས་པའི་Mackellar Girlsཞེས་པའི་བུད་མེད་སློབ་གླིང་གི་ཚོགས་ཁང་དུ་བོད་རིགས་མང་ཚོགས་༨༠༠ལྷག་ལ་གསུང་བཤད་གནང་བའི་སྐབས་། ང་ཚོ་ད་བར་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོ་ཞིག་ནང་སྐྱོད་པའི་སྐབས། རྒྱ་ནག་གི་བྱ་སྤྱོད་ལ་གཞིགས་པའི་ངེས་པ་ཞིག་རྙེད་ཡོད་པ་གསལ་པོ་ཡིན་ནའང་། དེར་སྲིད་བྱུས་དང་ལས་གཞི་ཇི་ལྟར་སྤེལ་དགོས་པའི་ཐོག་བཀའ་མོལ་གནང་བའི་སྐབས། ད་ལྟའི་ཆར་ཞུ་ཚོད་ཁག་པོ་རེད། རྒྱུ་མཚན་ནི། ཡོ་རོབ་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་དེ་ད་སྐབས་རྣོ་ངར་རང་བཞིན་ཐོག་གནས་ཡོད་པ་དང་། ལྷག་དོན་དུ་རྒྱ་ནག་གཞུང་གིས་ཨོསི་ཊརེ་ལི་ཡ་དང་ནིའུ་ཛི་ལེན་ཌི་ནང་ཐབས་ཤེས་སྣེ་མང་གིས་སིམ་འཛུལ་བྱེད་མུས་ཡིན་པ་དེར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་གདོང་ལེན་བྱེད་དགོས་ཅེས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས། ཨོསི་ཊརེ་ལི་ཡ་དང་ནིའུ་ཛི་ལེན་ཌི་གཉིས་ལ་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། རྒྱ་ནག་ལྷན་དུ་རྒྱལ་ཁབ་དེ་གཉིས་ཀྱི་ཚོང་འབྲེལ་བྱེད་པའི་སྐབས། དངོས་ཟོག་ནང་འདྲེན་ལས་ཕྱི་ཚོང་(Export)མང་བ་བྱེད་ཀྱི་ཡོད། འོན་ཀྱང་། སྤྱི་ཡོངས་ནས་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་ཚོས་རྒྱ་ནག་ལ་དངོས་ཟོག་ཕྱི་ཚོང་བྱེད་པ་ལས་ནང་འདྲེན་མང་བ་བྱེད་ཀྱི་ཡོད། དེར་བརྟེན། ཚོང་གི་ཐོག་ནས་ཡོ་རོབ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དང་སུས་སུ་ལ་བསྟུན་མཁན་བྱེད་དགོས་མིན་གསལ་པོ་རྟོགས་ཐུབ་ཅེས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་ཚོས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབུལ་རྒྱུའི་གལ་གནད་སྐོར་གསུང་བཤད་གནང་བའི་ནང་། འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ནང་། ཨ་སྒོར་ས་ཡ་༤༠ཙམ་འགྲོ་གྲོན་གཏོང་གི་ཡོད་པའི་ནང་ནས། ས་ཡ་༡༠ལྷག་ལས་བྱེད་ཀྱི་གསོལ་ཕོག་དང་རྒྱུན་གྲོན་ལ་གཏོང་མུས་ཡིན། དཔེར་ན། ལོ་གཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཧིན་སྒོར་༡༠༠ཡི་འགྲོ་གྲོན་གཏོང་གི་ཡོད་ན། ཧིན་སྒོར་༨་༨དེ་བོད་མི་ཚོས་བསྡུས་ཀྱི་ཡོད་ཅེས་དང་། ཁ་སྔོན་སྤྱི་ཟླ་༣པའི་གྲོས་ཚོགས་ནང་། ད་བར་དཔྱ་དངུལ་སྤྲོད་མེད་པ་ཚོར་ཆག་ཡང་བརྒྱ་ཆ་༩༠བཏང་ཡོད་པའི་རྗེས་འབྲས་སུ། ད་སྐབས་ཕྱི་རྒྱལ་ཁག་ནས་དང་བླངས་དཔྱ་དངུལ་འབུལ་མཁན་མང་དུ་འགྲོ་བཞིན་ཡོད་པ་དེས་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་ནུས་གོང་མཐོར་ཡོང་བར་ཕན་ཐོགས་ཡོད་པ་གསུངས་འདུག
གཞན་ཡང་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་ཁུལ་དུ་སྲིད་སྐྱོང་མཆོག་གི་མཛད་འཆར་ཁག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བའི་ནང་། འདི་ཚེས་༡༨ཉིན་གྱི་སྔ་དྲོ་སིཌ་ནི་ཁུལ་དུ་གནས་བཞུགས་བོད་རིགས་གཞོན་སྐྱེས་ཚོ་དང་ཐུགས་འཕྲད་གནང་བའི་རྗེས། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་Sophie Scampsལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ཆེ་མཐོང་སླད། ཉིན་དགུང་གསོལ་ཚིག་འབུལ་རྒྱུ་ཡིན་པ་མ་ཟད། གསོལ་ཚིག་སྐབས། རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མི་གྲངས་༥༠ཙམ་ཞིག་ལྷན་ཞུགས་གནང་གི་ཡོད་དང་། དེའི་རྗེས་སུ་སིཌ་ནི་ཁུལ་གྱི་རྒྱ་རིགས་གྲོགས་པོ་ཚོ་དང་ཐུགས་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་སྒྲིག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།