ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྲིད་སྐྱོང་མཆོག་ལ་ཨ་རིའི་ངོས་ནས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་གསུངས་འདུག
སྤྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པ་བསྐོང་ཚོགས་གནང་ཡོད་པ་ལྟར། ལྷན་ཚོགས་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བའི་ནང་དུ། ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་མཚམས་འཇོག་བྱས་པ་དང་འབྲེལ་ཏེ། བོད་མིའི་སྒྲིག་འཛུགས་ཐེ་བའི་བཙན་བྱོལ་བོད་མི་རྣམས་ལ་ཨ་རི་གཞུང་གིས་གནང་བཞིན་པའི་རོགས་དངུལ་ཁག་ཅིག་ཀྱང་མཚམས་ཆད་ཡོད་པའི་གནད་དོན་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་ཉེ་སྔོན་སྤྱི་ཟླ་ ༢ ཚེས་ ༢༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ (Marco Rubio) ལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དེར་གསུམ་བཅུའི་དུས་དྲན་ཉིན་བཀའ་ལན་འབྱོར་ཡོད་པ་གསུང་འདུག
སྲིད་སྐྱོང་མཆོག་གིས་འདི་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ངོས་ལེན་ཡོད་པའི་ཐོག་ནས་ལན་འདེབས་གནང་བ་ཕལ་ཆེར་ཐེངས་དང་པོ་ཡིན་པས་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་གསུང་བ་དང་འབྲེལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ (Marco Rubio) ཡིས་ལན་འདེབས་ཕྱག་བྲིས་དེའི་ནང་། ཨ་རིའི་གཞུང་གི་ངོས་ནས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་དང་། རོགས་སྐྱོར་གྱི་ཐད་ད་ལྟ་བསྐྱར་ཞིབ་ཀྱི་ལས་དོན་འགྲོ་བཞིན་ཡོད་པ་གསུང་འདུག་ཅེས་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་བོད་ཀྱི་ཐེབས་རྩ་སོགས་དང་མཉམ་རུབ་ཀྱིས་རོགས་དངུལ་བསྐྱར་གསོ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ལ། དེ་ལ་བཟང་ཕྱོགས་ཀྱི་རེ་བ་བྱེད་བཞིན་ཡོད་པ་སོགས་གསུང་འདུག
ཉེ་ལམ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་འདྲི་རྩད་སྐབས། ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་འགྱུར་བ་མེད་པ་དང་། ཨ་མི་རི་ཀས་རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་བསྐྱར་མཐུད་གནང་དགོས་པའི་སྐུལ་མ་བྱས་ཡོད་ནའང་། ཨ་རིའི་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) ཡི་གཞུང་འཛིན་གསར་པའི་འོག་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཐད་ད་ལྟའི་ཆར་གསལ་བསྒྲགས་གང་ཡང་གནང་རྒྱུ་མེད། ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཡིག་ཐོག་ལན་འདེབས་གནང་ཡོད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།