སྲིད་སྐྱོང་གིས། ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང་འབྲེལ་བའི་ཁྲིམས་འཆར་བཏོན་པ་དེ་ནི་བཀའ་ཤག་སྐབས་༡༦ པས་བསྒྲུབས་པའི་ལས་དོན་གལ་ཆེ་ཞིལ་ངོས་འཛིན་བྱེད་ཀྱི་ཡོད་པ།

2022.08.19
སྲིད་སྐྱོང་གིས། ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང་འབྲེལ་བའི་ཁྲིམས་འཆར་བཏོན་པ་དེ་ནི་བཀའ་ཤག་སྐབས་༡༦ པས་བསྒྲུབས་པའི་ལས་དོན་གལ་ཆེ་ཞིལ་ངོས་འཛིན་བྱེད་ཀྱི་ཡོད་པ། འདི་ཚེས་༡༩ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་དམིགས་བསལ་བཅར་འདྲི་སྐབས།
Photo: RFA

འདི་ཚེས་༡༩ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་མ་འོངས་ལས་དོན་བྱེད་ཕྱོགས། བོད་ནང་གི་གནས་སྟངས། ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་བབས་སོགས་ཀྱི་ཐད་དམིགས་བསལ་བཅར་འདྲི་སྐབས། འདི་གའི་གསར་འགོད་པས། སྲིད་སྐྱོང་མཆོག་གིས་དམ་འབུལ་བཞེས་ནས་ལོ་གཅིག་དང་ཟླ་བ་གསུམ་ཙམ་ཕྱིན་པའི་རིང་འདིར། གྲུབ་འབྲས་ཆེ་ཤོས་ག་རེ་བྱུང་ཡོད་ཞེས་བཅའ་འདྲི་ཞུས་པར། དེ་སྔོན་སྤྱི་ཟླ་༦ པའི་ནང་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་གནད་དོན་ཐད་ལ་ཉན་ཞིབ་ཀྱི་ལས་རིམ་ཚོགས་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང་འབྲེལ་བའི་ཁྲིམས་འཆར་བཏོན་པ་དེ་ནི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དེ་བཀའ་ཤག་སྐབས་༡༦ པས་གྲུབ་པའི་ལས་དོན་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། 

སྲིད་སྐྱོང་མཆོག་དེ་སྔོན་ཨ་རི་དང་ཡོ་རོབ་ཡུལ་གྲུ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་དང་འཛིན་སྐྱོང་གི་དཔོན་རིགས་མི་སྣ་མཇལ་འཕྲད་གནང་པའི་བརྒྱུད་རིམ་ཁྲོད། བོད་དོན་རྒྱབ་སྐྱོར་གྱི་གནས་བབས་རྒྱུས་ལོན་ཇི་བྱུང་སྐོར་བཅའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས། རིང་མིན་སྤྱི་ཟླ་༨ པའི་ཚེས་༢༥ ཙམ་ནས་བཟུང་བདུན་ཕྲག་གཅིག་ཙམ་རིང་། ཡོ་རུབ་ཁུལ་དུ་གཞུང་འབྲེལ་ཕྱོགས་སྐྱོད་འགྲོ་འཆར་ཡོད་པས། གཙོ་བོ་ཡོ་རུབ་ཡུལ་གྲུ་ཁག་གི་ཕྱི་དྲིལ་སྲིད་བྱུས་འཛིན་སྟངས་དང་ལས་དོན་བྱེད་ཕྱོགས་ཐད་རྒྱུས་ལོན་བྱ་རྒྱུ་མ་ཟད། གཞུང་དང་སྒྲིག་འཛུགས། མི་སྒེར་སོགས་སུ་དང་འབྲེལ་བ་འཛུགས་དགོས་མིན་ཐད་རྟོགས་ཞིབ་བྱ་རྒྱུ་། མདོར་ན་ཡོ་རུབ་ཁུལ་དུ་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་ལས་འཆར་སྒྲིག་ཡོད་པ་འགྲེལ་བརྗོད་གནང་བྱུང་། 

བཀའ་ཤག་སྐབས་༡༦པའི་ངོས་ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་དེ་གལ་འགངས་ཆེ་བའི་ལས་གཞི་ཞིག་ལ་ངོས་འཛིན་གནང་པ་བཞིན་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་ཁ་ཐོར་བོད་མི་ཚོའི་གྲངས་འབོར་ངེས་གཏན་ཞིག་ད་རེས་གྲངས་བཤེར་བརྒྱུད་ནས་ཐོབ་རྒྱུར་གདེང་ཚོད་ག་ཚོད་ཙམ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ཁ་སྔོན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ནང་སྲིད་དྲུང་འཕར་ལ་དེ་འབྲེལ་སྐོར་བཅར་འདྲི་ཞུ་སྐབས། མི་འབོར་གྲངས་བཤེར་དེ་མཇུག་སྒྲིལ་གནང་མེད་པ་དང་། ད་དུང་གྲངས་འབོར་ཇེ་འཕར་འགྲོ་མུས་ཡིན་པ་མ་ཟད། ཁ་སང་སྤྱི་ཚེས་༡༨ བར་ནང་སྲིད་ལས་ཁུངས་སུ་འབྱོར་བའི་རྒྱ་བལ་འབྲུག་གསུམ་གྱི་གྲངས་ཐོར་ནང་བོད་མིའི་གྲངས་འབོར་༦༨༠༠༠ཙམ་ཟིན་འདུག་པ་དང་། ད་དུང་མུ་མཐུད་གྲངས་བཤེར་བྱེད་མུས་ཡིན་པས། དེ་ལས་ཅུང་མང་བ་འཕར་སྲིད་ཅེས་དང་། འོན་ཀྱང་། རྡ་རམ་ས་ལ་དང་ལྡི་ལི་ཁུལ་དུ་གྲངས་ཐོར་མ་སྤྲོད་མཁན་བོད་མི་༥༠༠༠ཙམ་ཡོད་པ་འགྲེལ་བརྗོད་གནང་བྱུང་། 

ཡང་རིང་མིན་སྤྱི་ཟླ་༩ པའི་གྲོས་ཚོགས་མ་ཚུགས་སྔོན་ལ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་ཞིབ་འཇུག་ཚོགས་ཆུང་གིས་སྙན་ཐོ་འདོན་སྤེལ་ཟིན་གྱི་ཡོད་དམ་ཞེས་འདྲི་པར། སྲིད་སྐྱོང་མཆོག་གིས། ཞིབ་འཇུག་ཚོགས་ཆུང་གི་ད་ལྟའི་གནས་བབ་ག་འདྲ་ཞིག་སླེབས་ཡོད་མེད་ངས་མཁྱེན་རྟོགས་མ་བྱུང་། འོན་ཀྱང་། རིང་མིན་གྲོས་ཚོགས་ནང་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་ཞིབ་འཇུག་ཚོགས་ཆུང་གིས་སྙན་ཐོ་འདོན་སྤེལ་གནང་རྒྱུ་དགོས་རྒྱུ་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་རིང་མིན་སྤྱི་ཟླ་༩ པའི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉེ་ཧོང་དུ་ཕྱོགས་ཕེབས་ཀྱིས། ཁུལ་དེའི་དཔོན་རིགས་དང་གནད་ཡོད་མི་སྣ་ཚོགས་དང་མཇལ་འཕྲད་གནང་རྒྱུ་ཐུགས་གཏན་འཁེལ་འདུག་ཅིང་། དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང་ཉེ་ཧོང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎