སྲིད་སྐྱོང་མཆོག་གིས་ལྡི་ལིར་བོད་ཀྱི་མ་འོངས་པ་འབྲེལ་ནས་བོད་དོན་གཏམ་བཤད་གནང་འདུག

2024.10.22

སྤྱི་ཟླ་༡༠ པའི་ཚེས་༢༡ ་ཉིན་གྱི་དགོང་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(India International Centre)་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་མ་འོངས་བའི་ཁ་ཕྱོགས་དང་། ཨ་རིས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་ཡིག་དང་བཙན་བྱོལ་ནང་གི་ཐབས་ཇུས། ༧གོང་ས་མཆོག་གི་མཛད་འཕྲིན་དང་རྒྱ་གར་གྱི་འོས་འགན་བཅས་ཀྱི་བརྗོད་གཞིའི་ཐོག་བོད་དོན་གཏམ་བཤད་གནང་སོང་ལ། མཛད་སྒོ་དེའི་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་(Sujeet kumar)་ལགས་དང་། རྒྱ་གར་གྱི་དམག་སྤྱི་ཟུར་བ་(General Ashok K. Mehta)་ལགས་བཅས་མཉམ་ཞུགས་གནང་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གཏམ་བཤད་སྐབས། ཉེ་ལམ་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་ནང་དོན་གལ་གནད་སྐོར་གཙོ་བོར་བཟུང་སྟེ། ཁྲིམས་ཡིག་དེ་བརྒྱུད་ཨ་རི་གཞུང་གིས་བོད་དོན་ཐད་སྔར་ལྷག་དོ་སྣང་དང་། ལངས་ཕྱོགས་གསལ་སྟོན་གྱིས་བོད་དོན་ལ་རྒྱབ་སྐྱོར་དང་། བོད་དང་རྒྱ་ནག་བར་གྱི་དཀའ་རྙོག་སེལ་ཐབས་ལ་སྐུལ་འདེད་གཏོང་གི་ཡོད་སྐོར་སོགས་གསལ་བཤད་གནང་སོང་།

Sikyong penpa tsering delhi talk (1).jpg
ད་དུང་བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་སྐོར་གསུངས་སྐབས། བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་སྤྱི་དང་། ལྷག་པར་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྒྱ་ནག་གིས་བོད་བཙན་བཟུང་བྱས་བ། ཕྱི་ལོ་༡༩༡༣ ལོར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱར་ནན་གནང་བ། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་སྐོར་སོགས་གསལ་སྟོན་གནང་རྗེས། བོད་དང་རྒྱ་གར་བར་གྱི་ཆོས་དང་། ཆབ་སྲིད། རིག་གཞུང་གི་འབྲེལ་ལམ་གལ་གནད་སྐོར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཁྲི་ཕྲག་འགའ་ཤས་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་སྐབས་རྒྱ་གར་གཞུང་དམངས་གཉིས་ཀྱིས་ད་བར་རྒྱབ་སྐྱོར་ཕན་གྲོགས་གནང་ཡོད་པའི་གནས་སྟངས་སོགས་གསུངས་ཡོད་པ་རེད།
གཞན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་ནས་བྱུང་བར་ཡིན་ཞེས་ལོག་བཤད་དང་། བོད་ཅེས་པའི་ཚབ་ཏུ་ཤིས་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བསྒྱུར་ཐབས་བྱེད་བཞིན་པ་བཅས་ནི་དོན་དངོས་མ་ཡིན་པ་ལོག་བཤད་དང་ལོག་སྤྱོད་བྱེད་བཞིན་པས་ན། གསར་ཁང་ཁག་གིས་རྒྱ་ནག་གི་ཐབས་ཇུས་ལྟར་བོད་མིང་ལ་དབྱིན་ཡིག་ནང་(Xizang)་བེད་སྤྱོད་མི་གཏོང་བའི་རེ་སྐུལ་ཞུས་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མཛད་སྒོ་གོ་སྒྲིག་གནང་མཁན་འཚེ་མེད་དགེ་རྩ་ཚོགས་པ་(Foundation for Non-violent Alternatives)་འགན་འཛིན་(Rebon Banerjee Dhar)་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་སྲིད་སྐྱོང་མཆོག་འདིར་ཕེབས་པ་ནི་ང་ཚོར་གོ་སྐབས་བཟང་པོ་ཤིག་རེད། གཙོ་བོ་དེང་སང་རྒྱ་ནག་གཞུང་གིས་གནས་ཚུལ་མང་པོ་ལོག་འགྲེལ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་སོང་ཙང་། བོད་ཀྱི་གནད་དོན་དང་དོན་དངོས་གནས་ཚུལ་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་དང་། བོད་མིའི་འཐབ་རྩོད་དེ་མི་ཚང་མས་སེམས་ཁུར་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་ལ་ཆགས་ཀྱི་ཡོད་པས་ད་རེས་གཏམ་བཤད་བགྲོ་གླེང་ལས་རིམ་གོ་སྒྲིག་གནང་བ་ཡིན་པ་གསུངས་བྱུང་།


གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎