ཨ་རིའི་གཞུང་འཛིན་གསར་པའི་ལྷན་དུ་འབྲེལ་གཏུག་གནང་ཕྱོགས་ཀྱི་འཐབ་བྱུས་སྐོར་ཚོགས་འདུ་ཚོགས་གནང་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ཟླའི་ཚེས་༦ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཕེབས་འབྱོར་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་དང་དོན་གཅོད་ཁང་གི་ལས་བྱེད་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་དང་། དེ་ཉིན་སྲིད་སྐྱོང་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམས་དང་ལྷན་དུ་ཨ་མི་རི་ཀའི་གཞུང་འཛིན་གསར་པའི་ལྷན་དུ་འབྲེལ་གཏུག་གནང་ཕྱོགས་ཀྱི་འཐབ་བྱུས་སྐོར་ཚོགས་འདུ་ཚོགས་གནང་འདུག དེ་རྗེས་སྲིད་སྐྱོང་མཆོག་གིས་(The Bridge Fund) ཞེས་གཙོ་བོ་བོད་ནང་གི་བོད་ཀྱི་འབྲོག་པ་རྣམས་དང་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་དང་བདག་གཅེས་སྲུང་སྐྱོབ་ཆེད་ལས་དོན་རྒྱ་ཆེ་སྤེལ་མཁན་ཐེབས་རྩའི་ལྕམ་MaryBethལགས་དང་མཇལ་འཕྲད་གནང་སྟེ་ཁོང་རྣམ་པའི་ལས་དོན་སྙན་སེང་ཞུས་གནང་བ་དང་། དེ་བཞིན་ Baron ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་ལྕམ་ Suzette ལགས་དང་མཇལ་མོལ་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ད་རེས་ཨ་རིའི་ཁུལ་དུ་ཕྱི་ཚེས་༢༣ བར་ཨ་རིའི་གཞུང་འབྲེལ་གནད་དོན་མི་སྣ་དང་མཇལ་མོལ་གནང་རྒྱུ། བོད་དོན་དང་འབྲེལ་བའི་གལ་ཆེའི་ཚོགས་འདུ་ཁག་ཅིག་ཏུ་ལྷན་བཞུགས་གནང་རྒྱུ་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དུ་དབུ་བཞུགས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།