བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཆེད་འཛུགས།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ད་ཡོད་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་མཉམ་དྲུང་ཆེ་བཞི་ལས་གྲུབ་པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་བཙུགས་ཡོད་འདུག
འདི་ཚེས་༡༣་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་འཛིན་སྐྱོང་བཀོད་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཀོད་ཁྱབ་གནང་བའི་ཉིན་མོ་ནས་བཟུང་ད་ཡོད་བོད་རྒྱལ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུའི་ཐག་གཅོད་དང་སྦྲགས། འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལ་འགན་བསྐུར་བགྱིས་བའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཏེ། ཚོགས་ཆུང་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱ་ཡིན་པ་འཁོད་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་ན། སྤྱི་ལོ་༡༩༩༨་ལོར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གསར་བཙུགས་གནང་བ་ནས་བཟུང་། བཀའ་ཤག་རིམ་པས་མི་འགྲོ་སྣོན་འཇུག་གནང་སྟེ་ད་ཆ་ཚོགས་ཆུང་ལ་མི་གྲངས་༡༦་ཙམ་ཡོད་པ་རྣམས་མང་ཆེ་བ་ཕྱི་རྒྱལ་ལམ་ཕྱོགས་མཐར་བཞུགས་ཏེ་སྤྱི་སྒེར་གྱི་མཛད་ཁུར་ཅི་རིགས་བཞེས་བཞིན་པ་དང་། བཞུགས་སྒར་ཁུལ་གྱི་ཚོགས་མི་རྣམ་པས་ཀྱང་ལས་ཡུལ་དང་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་དང་གནང་མུས་དེ་ཉིད་ལས་དོན་ངོ་བོ་དང་མཐུན་པའི་བཅོས་སྒྲིག་དགོས་གལ་ལ་གཟིགས་ཏེ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གསར་བཙུགས་གནང་བའི་ནང་། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས་བཅས་ལ་བསྐོ་བཞག་གནང་ཡོད་པ་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་དེའི་ནང་། ཕྱག་རོགས་ཞུ་མཁན་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བློ་བཟང་ཆོས་གྲགས་ལགས་དང་། ལས་བྱེད་ལྷ་མོ་ཚེ་རིང་ལགས་གཉིས་ཡོད་པ་དང་། ཚོགས་ཆུང་གི་སློབ་སྟོན་པར་དེ་སྔོན་༧གོང་ས་མཆོག་གི་དམིག་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། བཀའ་ཟུར་བསྟན་པ་ཚེ་རིང་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བཅས་ལ་བསྐོ་བཞག་གནང་ཡོད་པ་དང་། དེ་སྔོན་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གིས་ལོ་རེར་ཚོགས་འདུ་གཉིས་ཙམ་ཚོགས་བཞིན་ཡོད་པ་དེ་ལྟར་མ་ཡིན་པར་གཏན་འཇགས་ཚོགས་ཆུང་དེས་དུས་ནས་དུས་སུ་སྲིད་སྐྱོང་མཆོག་ལ་ལས་དོན་སྙན་གསེང་ཞུ་རྒྱུའི་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༣༢་པ་དེ་བཞུགས་སྒར་རྡ་རམ་ས་ལར་༢༠༡༩་ལོར་ཉིན་གཉིས་ཀྱི་རིང་ཚོགས་མི་༡༦་ཙམ་མཉམ་བཞུགས་ཀྱིས་ཚོགས་ཡོད་ཅིང་། སྐབས་དེར་དེང་དུས་རྒྱ་ནག་གི་གནས་ཚུལ་དང་། ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་ལམ། རྒྱལ་སྤྱིའི་ནང་རྒྱ་ནག་དང་བོད་སོགས་ཀྱི་གནས་ཚུལ་མང་པོ་ཡོད་པའི་ཐོག་དགོངས་པ་བཞེས་ཕྱོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད་པ་རེད།
སྤྱིར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེ་བཞིན་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག་པ་དང་། ད་རེས་བཀའ་ཤག་ནས་གསར་བཙུགས་གནང་བའི་གོང་ཞུས་གཏན་འཇགས་ཚོགས་མི་བཞིའི་ཁོང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་གཉིས་དེ་སྔོན་གྱི་ཚོགས་ཆུང་ནང་ཡོད་པ་རེད་འདུག
དེ་དང་འབྲེལ་སྤྱི་ལོ་༢༠༠༢་ནས་༢༠༡༠་བར་ཐེངས་མང་བོད་རྒྱ་འབྲེལ་མོལ་བྱས་བའི་རྗེས་དོན་འབྲས་ཇི་བྱུང་སྐོར་ལ། དེ་སྔ་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས་བོད་རྒྱ་འབྲེལ་མོལ་བྱས་བའི་རིང་མཐའ་མའི་གནད་དོན་ཐག་གཅོད་ཐད་ལ་དམིགས་བསལ་དོན་འབྲས་བྱུང་མེད་ཀྱང་། འབྲེལ་མོལ་བྱུང་བ་ལ་བརྟེན་ཐོག་མར་བོད་ནང་༧གོང་མཆོག་གི་སྐུ་ཚབ་ཐེངས་བཞི་ཕེབས་ཐུབ་པ་བྱུང་བ་དང་། དེ་བརྒྱུད་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་འཛམ་གླིང་ལ་ར་སྤྲོད་ཐུབ་པ་བྱུང་བ། དེའི་རྗེས་འབྲེལ་མོལ་དབུ་བཙུགས་ཐུབ་པ་དང་ཕན་ཚུན་བར་གྱི་གནས་སྟངས་དང་བསམ་ཚུལ་བརྗེ་རེས་བྱུང་བ། དེ་ནས་༢༠༠༢་ནས་འབྲེལ་ལམ་བསྐྱར་གསོ་ཐུབ་པ་བྱུང་བ་མ་ཟད། ༢༠༠༨་དང་༢༠༡༠་ལ་༧གོང་ས་མཆོག་གི་དགོངས་གཞི་ཡིག་ཆའི་ལམ་ནས་རྒྱ་ནག་གཞུང་ལ་ཕྱི་གསལ་ནང་གསལ་བྱས་ནས་ཕུལ་ཐུབ་པ་བྱུང་བ་སོགས་དོན་འབྲས་ཁ་ཤས་བྱུང་ཡོད་པ་གསུངས་བྱུང་།
གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།