བོད་མི་སྐྱ་སེར་དྲུག་ལ་མི་ལོ་བཞི་ནས་བཅུ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་༩ནང་ཙམ་ལ་བོད་མགོ་ལོག་གསེར་རྟ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་གངས་བུ་གཡུ་བྷྲུཾ། བསམ་འགྲུབ། སྲས་རྣམ། གངས་ཚེ་རིང་སྒྲོལ་མ་བཅས་བོད་མི་ལྔ་དང་། དེ་བཞིན་བྲག་མགོ་ནས་ཡིན་པ་པདྨ་རིན་ཆེན་བཅས་ཁྱོན་བོད་མི་དྲུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་འཛུགས་འོག་ཏུ། ལོ་༤ ནས་༡༤ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། བོད་མི་འདི་དག་འཛིན་བཟུང་བཙན་ཁྲིད་བྱས་ནས་དུས་ཡུན་མི་ལོ་གཅིག་ནས་གཉིས་རིང་འབྲེལ་ཡོད་ཁྱིམ་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་བའི་བཀག་ཉར་བྱས་ཡོད་པ། བཙན་བྱོལ་ནང་གནས་སྡོད་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་མུ་མཐུད་བརྗོད་དོན། ཕྱི་ལོ་༢༠༢༢ ཟླ་༩ ཡས་མས་ཤིག་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། བོད་མི་དེ་དག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་སྐོར་གྱི་ཉེས་འཛུགས་འོག་ཏུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་༡༤ དང་། སྲས་རྣམ་ལ་ལོ་༦། གངས་བུ་གཡུ་བྷྲུཾ་ལ་ལོ་༧ཡས་མས། གངས་ཚེ་རིང་སྒྲོལ་མར་ལོ་༨། པདྨ་རིན་ཆེན་ལ་ལོ་༤། བསམ་འགྲུབ་ལ་ལོ་༨ བཅས་ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཡིན་ནའང་རྒྱ་གཞུང་གིས་བོད་ནང་དུ་ཉིན་རེ་བཞིན་དོགས་ཟོན་མྱུལ་ཞིབ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བཏང་བའི་རྐྱེན་གྱིས། ད་ལྟ་ཁྲིམས་ཐག་བཅད་ཟིན་པའི་བོད་མི་འདི་དག་བཙོན་ཁང་གང་དུ་བཅུག་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་བརྗོད་བྱུང་།
འདི་ག་རླུང་འཕྲིན་ཁང་ལ་དེ་སྔ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༢༡ལོའི་ཟླ་༣པའི་ཚེས་༢༢ཉིན་རྒྱ་ནག་གི་ཉེན་རྟོག་པས་གསེར་རྟ་རྫོང་གི་གོས་རྩ་སྡེ་བ་ནས་ཡིན་པ་དང་། ཕྱི་ལོ་༢༠༠༨ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་ཆ་ཤས་བླངས་བ་མ་ཟད། བོད་ཀྱི་རྒྱལ་དར་འཕྱར་ནས་༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་འཇུག་དགོས་པའི་སྐད་འབོད་གནང་བར་བརྟེན། ལོ་གསུམ་རིང་བཙོན་འཇུག་བྱས་མྱོང་བ་དགེ་འདུན་པ་གངས་བུ་གཡུ་བྷྲུམ་ལགས་འཛིན་བཟུང་བྱས་བ་དང་། དེའི་རྗེས་ཟླ་༣པའི་ཚེས་༢༣ཉིན། རྒྱ་ནག་གི་ཉེན་རྟོག་པས་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་སྲས་རྣམ་ལགས་གཉིས་སྔ་ཕྱིར་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ལོ་དེའི་ཟླ་བཞི་བའི་ཚེས་༢ཉིན་དེ་སྔ་ཕྱི་ལོ་༢༠༠༨ལོ་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་ཐེངས་གསུམ་བྱས་རིང་གཅར་རྡུང་གིས་ནད་གཅོང་བཟོས་ཡོད་པ། ཆབ་སྲིད་བཙོན་ཟུར་ཚེ་རིང་སྒྲོལ་མ་ལགས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་།
སྐབས་དེར་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་སོགས་ཁ་གསལ་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དེའི་ཐད་གསལ་བཤད་གང་ཡང་བྱས་མེད་པ་རེད། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དེའི་སྔོན་ཕྱི་ལོ་༢༠༡༢ལོའི་ཟླ་༢པའི་ཚེས་༡༥ཉིན་མོར་འཛིན་བཟུང་གིས། ཕྱི་ལོ་༢༠༡༦ལོའི་ཟླ་༩པའི་ཚེས་༡༦བར་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ནའང་། བཙོན་ཁང་དུ་གཅར་རྡུང་མནར་གཅོད་ཀྱིས་ནད་གཅོང་ཅན་དུ་གྱུར་ཡོད་ཅིང་། ཁོང་གིས་ད་བར་ལས་དབང་གི་རྒྱང་འབོད་དང་དུས་ཀྱི་ན་ཟུག་སོགས་ཚགས་དེབ་མང་པོ་འགྲེམས་སྤེལ་རྩོམ་བྲིས་གནང་མྱོང་ཡོད།
རྩོམ་པ་པོ་སྲས་རྣམ་ལགས་ནི་ཡིག་རྨོངས་སེལ་བའི་འཛིན་གྲྭ་སོགས་བཙུགས་ཏེ་སློབ་གསོའི་ལས་དོན་གཉེར་མཁན་ཞིག་དང་། ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཀྱང་ཡིན་པ་དང་། ཁོང་དེ་སྔ་ཕྱི་ལོ་༢༠༢༠ལོའི་ཟླ་བ་༩པའི་ནང་གསེར་རྟ་རྫོང་དུ་འཛིན་བཟུང་གིས་ཉི་མ་༡༥རིང་བཀག་ཉར་བྱས་འདུག་ཅིང་། སྐབས་དེར་འཛིན་བཟུང་བྱས་དོན་ནི། གངས་ཅན་ཕ་མའི་བདེ་ཐང་གླིང་ཟེར་བ་ཞིག་བཙུགས་པས་ཡིན་པ་བཤད་བཞིན་པ་རེད།
གངས་བུ་གཡུ་བྷྲུམ་ལགས་ཀྱིས་ཕྱི་ལོ་༢༠༠༨ལོར་༧གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས་པ་སོགས་ཀྱི་སྐད་འབོད་གནང་བར་བརྟེན། འཛིན་བཟུང་གིས་ལོ་གསུམ་རིང་བཙོན་འཇུག་བྱས་ཏེ་ཕྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༡༩ཉིན་གློད་གྲོལ་ཐོབ་ཡོད་ནའང་། ཁོང་དང་གྲོགས་པོ་བསྐོར་ཅིག་གིས་དམར་རྒོལ་གདོང་ལེན་ཚོགས་པ་ཟེར་བ་ཞིག་གསར་འཛུགས་གནང་སྟེ། བོད་ནང་ས་གནས་མང་པོའི་ནང་བྱ་འགུལ་རབ་དང་རིམ་པ་སྤེལ་པར་བརྟེན། ཕྱི་ལོ་༢༠༡༢ཟླ་༥པའི་ཚེས་༡༤ཉིན་བསྐྱར་དུ་འཛིན་བཟུང་གིས་ལོ་གཉིས་ལ་བཙོན་འཇུག་བྱས་མྱོང་ཡོད།
བསམ་འགྲུབ་ལགས་ནི་འདི་ལོ་རང་ལོ་༤༡ དང་། ཕྱི་ལོ་༢༠༢༡ ལོའི་ཟླ་༤ བའི་ཚེས་༥ ཉིན་རྫོང་ཉེན་རྟོག་པས་བསམ་འགྲུབ་འཛིན་བཟུང་བཙན་ཁྲིད་བྱས་འདུག དེ་སྔོན་ཕྱི་ལོ་༢༠༡༢ ལོའི་ཟླ་༦ པའི་ནང་ཁོང་འཛིན་བཟུང་བྱས་ཤིང་། ཕྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༡ ཉིན་དཀར་མཛེས་ཁུལ་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ནི་ “དམར་རྒོལ་ཚོགས་པ་” གསར་འཛུགས་བྱེད་མཁན་གྱི་གྲས་དང། བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ཏུ་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། ཕྱི་ལོ་༢༠༡༦ཟླ་༨ པའི་ཚེས་༡༩ ཉིན་གློད་གྲོལ་བཏང་མོད། ལོ་དེའི་ཕྱི་ཟླ་༩ པའི་ཚེས་༡༨ ཉིན་བསྐྱར་དུ་འཛིན་བཟུང་གིས་དུས་ཡུན་ཉིན་གྲངས་༡༧ རིང་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས།
རང་ལོ་༤༡ ཡིན་པའི་བསམ་འགྲུབ་ནི་ཕྱི་ལོ་༡༩༨༢ ལོར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་མགོ་མཆོག་སྡེ་བར་སྐྱེས་ཤིང་། ཕ་མིང་ལ་བསོ་རྒྱལ་དང་མ་མིང་ལ་གཅེས་སྡེས་ཡིན་འདུག
པདྨ་རིན་ཆེན་ལགས་ནི་ཕ་ཡུལ་དཀར་མཛེས་ཁུལ་བྲག་མགོ་རྫོང་ནས་ཡིན་ཞིང་། ཁྱིམ་དུ་ཁོང་གི་ཨ་མ་དང་སྲིང་མོ་གཉིས་ལས་མེད་པ་དང་། ཁོང་གི་ཨ་མ་ལགས་ཡུན་རིང་བོར་སྙུང་གཞིས་མནར་བའི་ནད་པ་ཞིག་ཡིན་འདུག་ལ། ཁོང་གིས་ཕྱི་ལོ་༢༠༢༠ལོ་མཇུག་ཙམ་ལ་སྒེར་དེབ་གཉིས་པ་འབྲི་བཞིན་པའི་གནས་ཚུལ་ཞིག་འབྲེལ་ཡོད་གྲོགས་པོ་ཚོས་གླེང་སློང་བྱས་པ་དང་འབྲེལ་ནས། ཁོང་གློ་བུར་དུ་གར་སོང་ཆ་མེད་ཆགས་ཡོད། ཕྱི་༢༠༢༢ ཟླ་༩ བའི་ནང་རྒྱ་གཞུང་གིས་ཁོང་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས། དུས་ཡུན་མི་ལོ་༢ རིང་ཁོང་གར་སོང་ཆ་མེད་གྱུར་བའི་གནས་སྟངས་ཆགས་ཡོད། དེ་སྔོན་ཕྱི་ལོ་༢༠༡༡ ལོར་ཁོང་གིས་<<ལྟོས།>> ཞེས་པའི་སྒེར་དེབ་ཅིག་བྲིས་ཏེ་དཔར་འགྲེམས་བྱས་པར་བརྟེན་ནས། རྒྱ་གཞུང་གིས་རྩོམ་པ་པོ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། ཉེས་རྟོག་པས་འདྲི་གཅོད་གཅར་རྡུང་ཚབས་ཆེན་བཏང་བའི་རྐྱེན་གྱིས། ཁོང་གི་གཟུགས་ཁམས་བདེ་ཐང་མེད་པར་གྱུར་ཡོད། སྐབས་དེ་ནས་བཟུང་རྒྱ་གཞུང་གིས་བོད་ཀྱི་དུས་ཆེན་བྱེད་སྒོ་ནམ་བྱུང་ལ། རྩོམ་པ་པོ་ཁོང་ཉེན་རྟོག་ཁང་དུ་འབོད་འགུག་དང་འདྲི་གཅོད་བྱེད་པ་ཆས་རྒྱུན་ལྡན་ལྟ་བུ་ཆགས་ཡོད།
འཛིན་བཟུང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་དེ་དག་ལས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་ཕྱི་ལོ་༢༠༢༡ ཟླ་༣ པའི་ཚེས་༢༣ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་རང་ཁྱིམ་ནས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱས། དེ་སྔོན་ཕྱི་ལོ་༢༠༡༢ ཟླ་༢ པའི་ཚེས་༡༥ ཉིན་གྱི་མཚན་མོར་གསེར་རྟ་རྫོང་ཉེན་རྟོག་པས་ཁོང་རང་ཁྱིམ་ནས་གློ་བུར་དུ་འཛིན་བཟུང་བྱས་ཤིང་། སྐབས་དེར་ཁོང་གིས་ཁམས་བྲག་མགོ་ས་གནས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བཙུགས་པའི་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་བྱེད་བཞིན་ཡོད། ཕྱི་ལོ་༢༠༡༣ ཟླ་༨ པའི་ཚེས་༡ ཉིན་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་བོད་དོན་ལས་འགུལ་སྤེལ་མཁན་དང་། “དམར་རྒོལ་ཚོགས་པ་”གསར་འཛུགས་ཀྱི་ཉེས་མིང་འོག་ཏུ་མི་ལོ་༥ དང་ཟླ་༦ གི་བཙོན་བཅུག་ཁྲིམས་ཐག་བཅད། ཕྱི་ལོ་༢༠༡༦ལོའི་ཟླ་༩ ཚེས་༡༦ ཉིན་བཙོན་གྲོལ་བཏང་ཡོད་ནའང་། ཕྱི་ཉིན་ཡང་བསྐྱར་༧རིན་པོ་ཆེའི་སྐུ་པར་དབུ་ཐོག་ལ་བཞག་རབས་དང་རྣམ་འགྱུར་མི་ལེགས་པའི་སྐྱོན་འཛུགས་འོག་ཏུ་དུས་ཡུན་ཉིན་༡༧ རིང་གསེར་རྟ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས། ཁོང་འཛིན་བཟུང་བཙོན་འཇུག་བྱས་དོན་གཙོ་བོ། མི་རིགས་ཀྱི་ལས་དབང་དང་གནས་བབ་མཚོན་པའི་སྒེར་དེབ་དང་ཚགས་དེབ་<<ལས་དབང་གི་རྒྱང་འབོད།>> <<དུས་ཀྱི་ན་ཟུག>> <<དེ་རིང་གི་མིག་ཆུ།>> “ལོ་ཟླའི་ཁ་དོག” “ཁ་བཏགས་དཀར་པོའི་ཚགས་དེབ།” <<༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་པོ་>>སོགས་བཏོན་པ་དང་། “དམར་རྒོལ་གདོང་ལེན་ཚོགས་པ་”བཙུགས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་གནང་བ་སོགས་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ནས་མི་ལོ་༥ རིང་བཙོན་དུ་བཅུག།བཙོན་ཁང་དུ་འཕྲོད་བསྟེན་ལ་གནོད་པའི་ཟས་གོས་བསྟེན་བཅུག་པའི་ཁར། ངལ་རྩོལ་གཅར་རྡུང་བཏང་བའི་རྐྱེན་གྱིས་ནད་གཞི་ལྕི་མོ་ཕོག་སྟེ་བཙོན་གྲོལ་གཏོང་དགོས་བྱུང་ནའང་། སྙིང་ཁམས་མི་བདེ་བ་དང་། གྲིབ་སྐྱོན་ཡོད་པ། མིག་གིས་གསལ་བོ་མི་མཐོང་བ། དྲན་པ་ཉམས་པ། མཁལ་མ་དང་། ཕོ་བའི་འཇུ་སྟོབས་ཞན་པས་ཟས་སྤྱོད་དཀའ་བའི་སྙུང་གཞི་ཕོག་ཡོད་པ་དང་། ཁོང་ནི་ཕྱི་ལོ་༡༩༨༡ ཟླ་༨ པའི་ཚེས་༦ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་གེ་འཕན་སྡེ་བའི་ཕ་ཐུབ་བསྟན་ཉི་མ་དང་མ་དབང་ཐང་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། ཁོང་དང་བཟའ་ཟླ་དབང་ཕྱུག་ལྷ་མོ་གཉིས་ལ་བུ་མོ་གཉིས་ཡོད་འདུག
སྲས་རྣམ་ལགས་ནི་ཕྱི་ལོ་༢༠༢༡ ཟླ་༣ པའི་ཚེས་༢༣ ཉིན་རྫོང་ཉེན་རྟོག་པས་རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་ཕ་ཡུལ་ཏོག་ཚ་སྡེ་བའི་འབྲོག་ས་ནས་བསྐྱར་དུ་འཛིན་བཟུང་བྱས། དེ་སྔོན་ཕྱི་ལོ་༢༠༢༠ ཟླ་༩ བའི་ནང་ཁོང་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་གིས་ཉིན་གྲངས་༡༥ རིང་སྲིད་འཛིན་བཀག་ཉར་བྱས་ཤིང་། སྐབས་དེར་ཁོང་དང་མཉམ་དུ་བོད་མི་བཅུ་འཛིན་བཟུང་བྱས་འདུག ཁོང་འཛིན་དོན་གཙོ་བོ་ “གངས་ཅན་ཕ་མའི་བདེ་ཐང་གླེང་བ་” ཞེས་པའི་ཚོགས་འདུ་ཞིག་བསྡུས་པ་དེ་ཁྲིམས་འགལ་ཡིན་པའི་ནག་ཉེས་བཙུགས་འདུག་ལ། ཁོང་ནི་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དུང་དཀར་དང་མའི་མིང་ལ་ལེའུ་མཚོ་ཟེར། ཁྱིམ་དུ་བཟའ་ཟླ་དང་བུ་མོ་གཉིས་ལྷག་འདུག ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན་འདུག
གངས་བུ་གཡུ་བྷྲུཾ་ལགས་ནི་བོད་དོན་ལས་འགུལ་བ་གངས་བུ་གཡུ་བྷྲུཾ་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༢༢ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས། དེ་སྔོན་ཕྱི་ལོ་༢༠༠༨ ལོར་གསེར་རྟ་རྫོང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། ཁོང་གིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པའི་སྐད་འབོད་གནང་བ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་མི་ལོ་༣ རིང་བཙོན་འཇུག་བྱས། ཕྱི་ལོ་༢༠༡༡ ལོའི་ཟླ་༢ ཚེས་༡༩ ཉིན་བཙོན་གྲོལ་བཏང་ཡང་། རྗེས་སུ་གངས་བུ་གཡུ་བྷྲུཾ་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་ “དམར་རྒོལ་གདོང་ལེན་ཚོགས་པ་” གསར་འཛུགས་བྱས་ཏེ། བོད་ཀྱི་ས་གནས་ཁག་ཏུ་བྱ་འགུལ་རབས་དང་རིམ་པར་སྤེལ་སྟབས། ཕྱི་ལོ་༢༠༡༢ ལོའི་ཟླ་༥ ཚེས་༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་གིས་མི་ལོ་༢ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། ཁོང་གི་ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན་འདུག
གངས་ཚེ་རིང་སྒྲོལ་མ་ལགས་ནི་ཕྱི་ལོ་༢༠༢༡ ཟླ་༤ བའི་ཚེས་༢ ཉིན། ཚེ་རིང་སྒྲོལ་མ་རྫོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། དེ་སྔོན་ཕྱི་ལོ་༢༠༠༨ ལོར་གསེར་རྟ་ནས་ཞི་རྒོལ་གནང་སྐབས། ཕ་བསོ་ལོ་དང་མཉམ་དུ་འཛིན་ཟུང་བྱས་པར་མ་ཟད། ཕྱིས་སུ་ཡང་འཛིན་བཟུང་ཐེངས་ཁ་ཤས་བྱས་འདུག འཛིན་ཐེངས་རེ་རེར་རྒྱ་གཞུང་གི་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པས། ཟླ་བ་མང་པོར་བཀག་ཉར་ཁང་དང་བཙོན་ཁང་དུ་གཅར་རྡུང་བཙོན་འཇུག་བྱས་ནས་གློད་གྲོལ་བཏང་ཡང་། བཙོན་ཁང་དུ་གཅར་རྡུང་དྲག་པོ་བཏང་ནས་རྐང་པའི་དཔྱི་མགོ་བཅག་པའི་རྐྱེན་གྱིས། གནམ་གཤིས་དྲོ་གྲང་ལ་འགྱུར་ལྡོག་བྱུང་སྐབས། རྐང་པར་ན་ཟུག་ཆེ་བ་དང་གྲིབ་སྐྱོན་བྱུང་བ། དྲན་པ་མི་གསལ་བ། སྙིང་ཁམས་མི་བདེ་བ་སོགས་ལུས་སེམས་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཐེབས་ཁར། ས་གནས་ཉེན་རྟོག་པས་ནམ་རྒྱུན་མོའི་འགྲོ་འདུག་སྤྱོད་གསུམ་ལ་འཇིགས་སྐུལ་གཏོང་བར་མ་ཟད། དུས་ཆེན་བྱེད་སྒོ་ཁག་གི་སྐབས་སུ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་དགོས་པ་དང་གནས་སྟངས་གསལ་བཤད་བྱེད་དུ་འགྲོ་དགོས་པ། རང་ས་རང་ཡུལ་ལས་ཡུལ་གཞན་གང་ལའང་འགྲོ་མི་ཆོག་པའི་དམ་དྲག་བྱས།
ཚེ་རིང་སྒྲོལ་མ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོ་རྐང་ཚ་སྡེ་བར་སྐྱེས་ཤིང་། ཕ་མིང་ལ་བསོ་ལོ་དང་མ་མིང་ལ་མཚོ་སྐྱིད་ཟེར། ཁོང་མོ་དང་བཟའ་ཟླ་ཀརྨ་དབང་ཕྱུག་གཉིས་ཀར་བྱིས་པ་བུ་གཉིས་ཡོད་པ་རེད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།